འཛམ་གླིང་གིས་བསྟོད་བསྔགས་འཐེན་སའི་རྒྱ་གར་དེ་འགྱུར་ཟིན། 

ཤ་ཤིའི-ཐར་རོར་(Shashi Tharoor)གྱིས་བརྩམས། 

དཀོན་མཆོག་རབ་བརྟན་གྱིས་བོད་སྒྱུར་ཞུས། 

ངས་ད་ལྟའི་གཞུང་འཛིན་ཚོགས་པ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་རྩོད་གླེང་བྱེད་དུས་དང་། ལྷག་པར་དུ་རྩོད་པ་རྒྱག་མཁན་དེ་ལ་ངས་བཤད་པའི་འགལ་ཟླ་ཆེ་བའི་ཆབ་སྲིད་ཀྱི་མཁའ་དབུགས་དང་། སྤྱི་ཚོགས་ཀྱི་ཟང་ཟིང་། དཔལ་འབྱོར་ཉམས་ཆག་བཅས་ཀྱི་ཐོག་ལ་དགག་ལེན་གང་ཡང་མེད་པའི་སྐབས་ལ་རྟག་ཏུ་ལན་ཞིག་ཡོང་བ་ནི། “མ་མཐར་ཡང་ད་ལྟ་འཛམ་གླིང་ནང་རྒྱ་གར་གྱི་མཚན་མཐོང་དེ་སྔར་འབྱུང་མྱོང་མེད་པའི་མཐོན་པོ་ཆགས་ཡོད”ཅེས་པ་དེ་རེད། ང་རང་ཧོན་ཐོར་ནས་འགྲམ་པ་ལུག་དུས། ‘བླུན་པོ’དེས་མ་མཐུད་“ད་ལྟ་ཐེངས་དང་པོར་རྒྱ་གར་བ་རྣམས་འཛམ་གླིང་ནང་མགོ་བོ་མཐོན་པོར་དགྱེ་ཐུབ”ཅེས་བཤད་ངེས་རེད། 

ཧ་ལས་དགོས་པའི་གནས་ཚུལ་རྫུན་མ་འདིས་བྷི་ཇི་ཕི་(BJP)ཚོགས་པས་དོ་ནན་ཆེན་པོས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་བཏང་བའི་རྫུན་བསྒྲགས་ཀྱི་ཤུགས་རྐྱེན་ཟབ་མོ་དེ་སྟོན་ཞིང་། སྤྱི་ཚོགས་དྲ་ལམ་ཐོག་ཡང་བཤད་བསྐྱར་ཟློས་ཁོ་ནས་ཡིད་ཆེས་སུ་འཇུག་གི་ཡོད། ཡིན་ན་ཡང་། བདེན་པ་ནི་དེ་ལས་ཡོངས་སུ་ལྡོག་ཡོད་དེ། ད་ལྟ་འཛམ་གླིང་ནང་རྒྱ་གར་གྱི་མཚན་མཐོང་ཆེས་དམའ་ཤོས་སུ་ལྷུང་ཡོད། 

འདི་བཤད་པ་ལ་ང་རང་དགའ་སྤྲོ་སྐྱེ་ཡི་མི་འདུག ང་རང་ཆབ་སྲིད་ཕྱོགས་འགལ་ཚོགས་པའི་(Congress)འཐུས་མི་ཞིག་ཡིན་ན་ཡང་། ངས་རང་ཉིད་ཀྱི་ལུང་པ་དེ་གོ་ལ་ཡོངས་ནས་མཐོང་ཆེན་བྱས་ན་འདོད་ཅིང་། དེ་ཡང་དར་ཞིང་རྒྱས་པའི་མང་གཙོ་དང་། རང་དབང་དང་གུ་ཡངས་ཀྱི་སྤྱི་ཚོགས་ཁྲོད་རིག་གཞུང་དང་ཆོས་ལུགས་སྣ་ཚོགས་ཇི་ལྟར་མཉམ་གནས་ཐུབ་པའི་འཛམ་གླིང་གི་དཔེ་མཚོན་ཞིག་ཏུ་བརྩིས་པའི་ཐོག་ནས་བྱས་ན་འདོད། འོན་ཀྱང་དེའི་ཚབ་ཏུ་ངས་ད་ལྟ་ཕྱོགས་ཞེན་ཇེ་ཆེ་དང་བཟོད་བསྲན་ཇེ་ཆུང་དུ་འགྲོ་བཞིན་པའི་རྒྱ་གར་ཐད་ལ་འཛམ་གླིང་སེམས་འཚབ་ལང་འགོ་བརྩམས་ནས་གང་འཚམ་ཕྱིན་ཡོད་པ་རྟོགས་ཡོད། རྒྱལ་ཁབ་དེས་ཆེད་དུ་སོ་སོའི་མི་མང་བར་དུ་ཆོས་ལུགས་འཐེན་འཁྱེར་གྱི་རྩབ་རྒྱག་གི་ཡོད་ལ། ཕྱིའི་འཛམ་གླིང་ལ་དགོས་མཁོ་མེད་པའི་མང་མོས་རིང་ལུགས་(majoritarianism)གུ་དོག་ཅིག་གི་དབང་དུ་འགྱུར་བཞིན་ཡོད། 

གཡས་ཕྱོགས་སམ་(དཔེར་ན་ The Wall Street Journal སམ་ the Financial Times)གཡོན་ཕྱོགས་(དཔེར་ན་ The Guardian ནམ་ The Washington Post)གང་ཡིན་མ་བལྟོས་པར་ཕྱིའི་ཚགས་ཤོག་གྲགས་ཆེ་བ་ཚང་མས་རྒྱ་གར་ལ་སྐྱོན་བརྗོད་ཀྱི་རྩོམ་སྒྲིག་པའི་གཏམ་འདོན་སྤེལ་བྱས་ཡོད་པའི་ཐོག ཉིན་རེའི་གསར་འགྱུར་དང་བསམ་ཚུལ་གྱི་སྡེ་ཚན་ནང་རྒྱུན་མི་ཆད་པར་སྐྱོན་བརྗོད་ཞེ་ཅིག་ཡིན་མོད། འོན་ཀྱང་མིག་ར་བཀབ་པའི་བླུན་པོ་དེས་འདི་དག་གང་ཡང་མཐོང་གི་མེད། 

རྒྱ་གར་ནང་ལོགས་ལ་ཆ་བཞག་ན། ཆབ་སྲིད་ཀྱི་གནད་དོན་ཐོག་སྐད་ཆ་མི་བཤད་པར་བར་དུ་གནས་པའི་མི་སྣ་གྲགས་ཅན་ཚོས་ཀྱང་སེམས་འཚབ་ཀྱི་སྐད་ཆ་བཤད་ཡོད་དེ། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ཤཱི་ཝ་ཤང་ཁར-མཱ་ནོན་(Shivshankar Menon)གྱིས་གཞུང་ནས་མི་སེར་ཐོབ་ཐང་གི་ཁྲིམས་ལ་བསྐྱར་བཅོས་བགྱིས་པ་དེ་ནི་“རང་ཉིད་ལ་གནོད་པའི་སྲིད་བྱུས་ཤིག”ཡིན་པ་དང་། དེས་རྒྱ་གར་མཐའ་སྐྲོད་བཏང་ནས་པ་ཀི་སི་ཐན་ལྟ་བུའི་གུ་དོག་གི་རྒྱལ་ཁབ་ཅིག་ཏུ་བརྩི་བའི་མཇུག་འབྲས་སྨིན་ཡོད་ཅེས་བརྗོད་པའི་ཁར། “ཕྱི་ལ་གྱར་བའི་རྒྱ་གར་བའི་སྡེ་ཚན་ཞིག་དང་། ཤིན་ཏུ་རྙིང་ཞེན་ཆེ་བའི་ཡུ་རུབ་མཐུན་ཚོགས་ཀྱི་འཐུས་མི་འགའ་ཤས་མ་གཏོགས་ང་ཚོ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་འཐོབ་ཀྱི་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ང་ཚོར་སྐྱོན་བརྗོད་བྱེད་མཁན་གྱི་མིང་ཐོ་ཡང་རིང་པོ་ཡོད”ཅེས་སྨྲས་ཡོད། 

ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་གིས་བྷང་ལ་དྷེ་ཤིའི་ནང་སྲིད་བློན་ཆེན་ཨ་ས་ཌོ-ཁན་(Asaduzzaman Khan)གི་སྐད་ཆ་སྟེ། “ཁོ་ཚོ་ནང་ཁུལ་ལ་འཛིང་དུ་ཆུགས”ཞེས་པ་དེའི་ཐད་ལ། “ང་ཚོའི་གྲོགས་པོ་རྣམས་ལ་ཚོར་སྣང་འདི་འདྲ་ཡོད་ན། འདིས་ང་ཚོའི་དགྲ་བོ་རྣམས་ཅི་འདྲའི་དགའ་ཚོར་ཞིག་སྟེར་ངེས་པའི་ཐོག་ལ་བསམ་བློ་ཞིག་ཐོངས་དང་”ཞེས་བསྣན་ཡོད། དེ་བཞིན་ཧྥ་རན་སིའི་སྲིད་འཛིན་མཱ་ཁུ་རོན་དང་།(Emmanuel Macron) ཇར་མན་གྱི་འགོ་གཙོ་མར་ཁལ། (Angela Merkel) མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། སྐྱབས་བཅོལ་ལྷན་ཚོགས་ཀྱི་དབུ་འཛིན་བཅས་འདུས་པའི་འཛམ་གླིང་གི་འགོ་ཁྲིད་ཚོས་རྒྱ་གར་གཞུང་གི་ཉེ་ཆར་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་བགྱིས་ཡོད་ལ། ལོ་ངོ་ ༤༠ ཕྱིན་པའི་རྗེས་སུ་མཉམ་འབྲེལ་རྒྱལ་ཁབ་བདེ་འཇགས་ལྷན་ཚོགས་སུ་ཀཱ་ཤི་མིར་གྱི་གནད་དོན་བསྐྱར་དུ་གླེང་སློང་བྱུང་ཡོད། 

དེ་མིན་ད་དུང་ཨ་རིའི་ནང་ལ་ཆ་བཞག་ན། ལྡི་ལིའམ་ཝ་ཤིན་ཏྲོན་དུ་སྲིད་དབང་འཛིན་མཁན་སུ་བྱུང་ལ་མ་བལྟོས་པར་འདས་པའི་ལོ་ངོ་ ༢༥ རིང་ཟམ་མ་ཆད་པར་གནས་པའི་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་དམ་ཟབ་ཉར་དགོས་ཞེས་པའི་ཚོགས་པ་གཉིས་ཀའི་མོས་མཐུན་དེའི་རྒྱུན་ཐག་ཆད་ཡོད་ལ། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་གལ་ཆེན་ཚང་མས་སེམས་འཚབ་ཀྱི་སྐད་ཆ་བཤད་ཡོད་པའི་ཐོག ཨ་རིའི་གྲོས་ཚོགས་གོང་མའི་ནང་[རྒྱ་གར་གྱི་གནད་དོན་དང་འབྲེལ་བའི]ཉན་ཞིབ་འཚོགས་པ་དང་། ༢༠༢༠ ལོའི་ཕྱི་འབྲེལ་ལོ་འཁོར་ལས་དོན་ཡིག་ཆའི་ནང་ཀཱ་ཤི་མིར་དང་འབྲེལ་བའི་ཚིག་ངན་པ་ནང་འཇུག་བྱས་པ། རྒྱ་གར་ལ་སྐྱོན་བརྗོད་བྱེད་པའི་གྲོས་ཆོད་ཅིག་ལ་སྤྱིན་བདག་འབྱུང་བཞིན་པ་བཅས་ཡོད། དེ་བཞིན་ཡུ་རུབ་མཐུན་ཚོགས་སུའང་དེ་མཚུངས་ཀྱི་གྲོས་ཆོད་གཅིག་འདོན་བཞིན་ཡོད། 

འཛམ་གླིང་གིས་ང་ཚོའི་ཐོག་ལ་ལྟ་ཚུལ་ག་འདྲ་ཞིག་འཛིན་མིན་དེ་ང་ཚོར་ད་ལྟ་ལས་གལ་འགངས་ཆེ་བ་ཞིག་འབྱུང་མོད་མེད་དེ། རྒྱུ་མཚན་ནི་ང་ཚོ་ཕྱིའི་ཚོང་ལས་དང་མ་འཇོག་ལ་སྔར་འབྱུང་མྱོང་མེད་པར་རྟེན་དགོས་ཀྱི་ཡོད། ཡིན་ན་ཡང་། ཕྱིའི་རྒྱལ་ཁབ་ཀྱི་མ་འཇོག་ནི་མ་འོངས་པར་ཡིད་ཆེས་བློ་གཏད་ཀྱིས་ཡོང་བ་ཞིག་ཡིན་ཞིང་། ཡིད་ཆེས་བློ་གཏད་དེ་མགྱོགས་མྱུར་ངང་ཡལ་བཞིན་ཡོད། ང་ཚོའི་ཆ་འཇོག་གི་བརྩི་མཐོང་མར་ཆག་ཡོད་པ་དང་། རྒྱལ་ཁབ་བདུན་གྱིས་རྒྱ་གར་ལ་འགྲོ་དུས་དོགས་ཟོན་དགོས་པའི་འགྲུལ་བཞུད་ཉེན་བརྡ་བཏང་ཡང་ཡོད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་དུ་རྒྱ་གར་ལོ་མང་རིང་རྒྱལ་ཁབ་གཞན་གྱི་མིག་དཔེ་ལྟ་ཡུལ་ཞིག་གྱུར་ཡོད་མོད། འོན་ཀྱང་ད་ལྟ་མིག་རྒྱང་ཐུང་བའི་ཆབ་སྲིད་དམིགས་ཡུལ་ལ་བརྟེན་ནས་བྱུང་བའི་གཞུང་འཛིན་ཚོགས་པའི་བྱ་སྤྱོད་ངན་པས་མཚན་མཐོང་དེར་རྨ་ཁ་བཟོས་ཡོད།

སྔོན་ཆད་ང་རང་ཡང་ཕྱི་ཕྱོགས་སུ་སྡོད་མཁན་གྱི་རྒྱ་གར་བ་ཞིག་ཡིན་པར་མགོ་བོ་མཐོན་པོར་དགྱེ་ནས་སྤོབས་པ་བྱེད་མྱོང་ཡོད། འོན་ཀྱང་དེ་རིང་ཕྱི་རྒྱལ་བ་ཚོས་ང་ལ་ཅི་ཞིག་འབྱུང་བཞིན་པར་འགྲེལ་བརྗོད་བྱེད་དགོས་ཟེར་དུས་ང་ངོ་ཚ་ཞིང་ཁ་སྐྱེངས་ཡོང་། ཁོ་ཚོས་སེམས་འཚབ་དང་འཇིགས་སྣང་ངང་“རྒྱ་གར་ལ་ཅི་ཞིག་བྱུང་བ་རེད་དམ”ཞེས་འདྲི་ཡི་འདུག ཡིད་སྐྱོ་བའི་ལན་ནི། ང་ཚོ་འཛམ་གླིང་གིས་བསྟོད་བསྔགས་འཐེན་སའི་རྒྱ་གར་དེ་མ་ཡིན་པར་འགྱུར་ཟིན་ཞེས་པ་དེ་ཡིན། ། 

Share this:
༧༧༥ ཀློག་གྲངས།