འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཐའེ་ཝན་ཐད་འགལ་ཟླ་བྱུང་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ། རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་སྔོན་འགོག་དང་སྨན་བཅོས་ཀྱི་ལས་དོན་ཐོག་ཚོགས་འདུ་འཚོགས་པའི་སྐབས་སུ། རྒྱ་ནག་དང་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱི་བར་དུ་ཚོགས་འདུའི་ནང་ཐའེ་ཝན་མཉམ་ཞུགས་བྱེད་དགོས་མིན་ཐད་འགལ་ཟླ་བྱུང་འདུག

ཟླ་༢ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གིས་ཐའེ་ཝན་ནི་རང་གི་ཆ་ཤས་ཡིན་པ་ནན་བརྗོད་ཀྱིས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལྟ་བུའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ཚོགས་མིར་ཐའེ་ཝན་ཞུགས་སུ་འཇུག་པར་དགག་བྱ་བྱས་ནས་ཟུར་ཕུད་བྱེད་བཞིན་ཡོད་པ་ལྟར། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུར། ཐའེ་ཝན་དེ་ཚོགས་མི་མིན་ཡང་ཚོགས་འདུའི་སྐབས་སུ་ཟུར་ཉན་དུ་ཡོང་འཇུག་དགོས་པ་དང་། འཕྲོད་བསྟེན་ལྷན་ཚོགས་ནས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ལས་དོན་དང་གནས་ཚུལ་སྤྲོད་ལེན་ཆེད་དུ། ཐའེ་ཝན་གྱི་འཕྲོད་བསྟེན་ལས་ཁུངས་དང་ཐད་ཀར་འབྲེལ་བ་བྱས་ན་ལས་དོན་ཚགས་ཚུད་ཡོང་རྒྱུ་ཡིན་པའི་བསམ་འཆར་བཏོན་པར། རྒྱ་ནག་གི་སྐུ་ཚབ་ཀྱིས་བསམ་འཆར་དེ་རིགས་ལ་དགག་བྱ་ཆེན་པོ་བྱས་ཏེ། རྒྱ་ནག་དབུས་གཞུང་གིས་ཐའེ་ཝན་མི་མང་རྣམས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱི་ཡོད་པས། གལ་ཆེའི་ལས་དོན་ཆེད་དུ་ཐའེ་ཝན་དང་མཉམ་ལས་བྱེད་ཀྱི་ཡོད་པ། ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་བདེན་པ་དེ་འགྱུར་བ་གཏོང་ཐབས་བྲལ་བས། འབྲེལ་ཡོད་རྒྱལ་ཁབ་ཚོས་ཐའེ་ཝན་གྱི་གནད་དོན་དེ་ཆེན་པོ་བཟོ་མི་རུང་སྐོར་བརྗོད་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཐའེ་ཝན་དེ་ཚོགས་མི་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པས། ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ལས་དོན་ཆེད་དུ། ཐད་ཀར་ཐའེ་ཝན་གཞུང་ལ་འབྲེལ་བ་བྱེད་ཀྱི་མེད་ཁར། རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད་འདུག དེའི་ཐོག་ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འཛམ་གླིང་ནང་ནད་དུག་འཕོག་པའི་གྲངས་འབོར་བཏོན་སྐབས། ཐའེ་ཝན་ལ་མིང་འདྲ་མིན་བཏགས་པའི་ཐོག་ནས་གྲངས་ཐོ་བཏོན་ཡོད་ཁར། གྲངས་ཐོ་ནོར་བ་བཏོན་པས། ཐའེ་ཝན་གྱིས་རྒྱ་ནག་གཞུང་གིས་ལྷན་ཚོགས་སུ་ཐའེ་ཝན་གྱི་གནས་ཚུལ་ནོར་བ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག་ཀྱང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ནི་ཐའེ་ཝན་ནས་བླངས་པ་ཡིན་པས། ནོར་འཁྲུལ་བྱུང་ཡོད་ན་ཐའེ་ཝན་གྱི་འབྲེལ་ཡོད་ལས་ཁུངས་ནས་ནོར་བ་ཡིན་སྐོར་ལན་འདེབས་བྱས་འདུག

གནད་དོན་དེ་དང་འབྲེལ་ནས་ཚེས་༦ ཉིན་རྒྱ་ནག་གི་གཞུང་འབྲེལ་དྲ་ལམ་ཤིན་ཧྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་མི་མང་ཚང་མ་ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱེད་བཞིན་པའི་སྐབས་སུ། ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པ་དང་ཁ་བྲལ་རིང་ལུགས་པ་ཚོས། ནད་ཡམས་བེད་སྤྱོད་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་དོན་ཁག་ཏུ་མཉམ་ཞུགས་བྱེད་འཇུག་དགོས་པའི་དགོས་འདུན་བཏོན་ནས། ཐའེ་ཝན་གྱི་རང་བཙན་རྩོད་ཐབས་དང་རྒྱལ་སྤྱིའི་ནང་འགུལ་སྐྱོད་བྱེད་པའི་ས་ཆ་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པ་དེ་ནམ་ཡང་གྲུབ་འབྲས་ཐོན་རྒྱུ་མིན་པ་དང་། རྒྱ་ནག་གིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོ་བོའི་ཐོག་ནས། ནད་དུག་སྔོན་འགོག་དང་སྟངས་འཛིན་བྱེད་ཆེད་ཀྱི་གནས་ཚུལ་རྣམས་ཐོབ་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཡང་། ཐའེ་ཝན་གྱིས་གོ་སྐབས་དེ་བེད་སྤྱད་ནས་རང་བཙན་ནམ་ཡང་རྩོད་འཇུག་རྒྱུ་མིན་སྐོར་དང་། ལས་ཁུངས་དེས་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་འབྲེལ་ནས། ཆབ་སྲིད་རྩེ་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་པའི་བསླབ་བྱ་བརྒྱབ་ཡོད་སྐོར་བསྒྲགས་འདུག

ཐའེ་ཝན་གྱིས་ནད་དུག་འབྲེལ་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་ནས་ཆ་ཚང་བ་དང་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཀྱི་མེད་པ་དང་། ཨ་རི་དང་ཉི་ཧོང་ལྟ་བུ་མཛའ་འབྲེལ་གྱི་རྒྱལ་ཁབ་ཚོས་གནས་ཚུལ་ཆ་ཚང་བ་དང་དུས་ཐོག་མཁོ་སྤྲོད་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག དེ་བཞིན་ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཏོན་པའི་གྲངས་ཐོ་ཁག་གི་ནང་དུ་ཐའེ་ཝན་ལ་མིང་འདྲ་མིན་བཏགས་པར་སྐྱོན་བརྗོད་དང་། ཐའེ་ཝན་ནི་ཐའེ་ཝན་ཡིན་པ་དང་གཞུང་འབྲེལ་གྱི་མིང་ནི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཡིན་པ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་མིན་སྐོར་སྤྱི་ཚོགས་དྲ་ལམ་ཐོག་ཏུ་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༩༠ ཀློག་གྲངས།