རྒྱ་ནག་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་དུག་དེ་བྱ་ཕ་ལྦང་ནས་མི་ལ་འགོས་པ་ཞིག་ཡིན་ནམ།

བོད་ལུགས་སྨན་པ་བསྟན་འཛིན་དགེ་ལེགས།
ཆེ་མཐོང་ཕྲ་ཤེལ་ནང་བརྟག་དཔྱད་བྱེད་སྐབས་ནད་འབུའི་བཟོ་དབྱིབས་ལ་ལྟོས་ནས་བཏགས་པའི་ཏོག་དབྱིབས་ནད་དུག་ (coronavirus) ཅེས་པ་འདི་ནི་གཉན་རིམས་གློ་ཚད་ཀྱི་འགོས་ནད་ཚབས་ཆེན་ཞིག་ཡིན་པ་དང་། ནད་དུག་འདི་ནི་ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་ཞིང་རིམ་པས་འཛམ་གླིང་གི་ཡུལ་གྲུ་བོད་དང་ཨ་རི་ལ་སོགས་པ་མང་པོ་ཞིག་ནང་ཁྱབ་གདལ་དུ་འགྲོ་བཞིན་པ་དང་། དེང་སྐབས་ནད་དུག་འདིས་རྐྱེན་པས་མི་མང་པོ་ཞིག་འདས་གྲོངས་སུ་སོང་ཞིང་དངངས་འཚབ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིག་ཏུ་འགྱུར་ཡོད།
དེ་བས་རང་རེ་གཞིས་བྱེས་གཉིས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་འཚོ་བྱེད་སྨན་པ་རྣམས་དང་དེ་བཞིན་ནུབ་ཕྱོགས་སྨན་ལུགས་ཀྱི་སྨན་པ་ཚོས་ཏོག་དབྱིབས་ནད་དུག་འདིའི་སྔོན་འགོག་བཅོས་ཐབས་སོགས་ཀྱི་སྐོར་ལ་རང་རང་གི་སྨན་ལུགས་ཀྱི་རྣམ་གཞག་དང་སྦྱར་ནས་རིམས་ནད་འདིའི་རྒྱུ་རྐྱེན་ངོ་བོ་དང་མངོན་རྟགས་སོགས་ལ་གཞིགས་ནས་མགྱོགས་མྱུར་སྟངས་འཛིན་ཡོང་རྒྱུའི་འབད་བརྩོན་བྱེད་མུས་རེད།
ཏོག་དབྱིབས་ནད་དུག་གི་འབྱུང་རྐྱེན་ངོ་མ་གང་ཡིན་མིན་ད་དུང་ཡང་ཡོངས་གྲགས་ཀྱིས་ངོ་འཕྲོད་མེད་ཀྱང་ཕལ་མོ་ཆེས་ཟེར་ན་ནད་འབུ་འདི་ནི་བྱ་ཕ་ཝང་ལས་མི་ལ་འགོས་པའི་གཉན་རིམས་ཤིག་ཡིན་ལུགས་དང་། ན་ཚ་འདིས་གཙོ་བོ་དབུགས་འབྱིན་རྔུབ་ཀྱི་མ་ལག་ལ་གཉན་ཁ་རྒྱས་ཏེ་གློ་བར་ཚ་བ་ཞུགས་ནས་མཐར་དབུགས་གཏོང་ལེན་ཚུལ་བཞིན་མ་ཐུབ་པར་ནད་པ་འདས་གྲོངས་སུ་འགྲོ་བའི་ནད་ཡམས་ཞིག་རེད་ཅེས་བརྗོད།
དེ་བས་ད་རིང་སང་གི་སྤྱི་ཚོགས་དྲྭ་ལམ་ནས་ཟེར་ན་བྱ་ཕ་ཝང་ལ་སོགས་པའི་འགུལ་ཚད་བཟའ་མཁན་རྒྱ་མི་རིགས་ལ་ལས་འབྲས་འཁོར་བ་རེད་ཅེས་དང་། བྱ་ཕ་ཝང་ལ་ཤ་དུག་ཡོད་པར་སྔ་མོ་ནས་དཔེ་རྙིང་ནང་གསལ་ཡོད་ཟེར། དེ་ལྟར་བཤད་པ་ནི་ཕྱོགས་གཅིག་ཙམ་ཡིན་མོད་ཕྱོགས་གཞན་ནས་བཤད་ན་བྱ་ཕ་ཝང་གི་ཤ་བཟའ་མཁན་ནི་ཝུ་ཧན་གྲོང་ཁྱེར་ཙམ་མིན་པར་ཞིང་ཆེན་གཞན་གྱི་རྒྱ་མི་རིགས་ཚང་མས་སྔ་མོ་ནས་བཟའ་ཡི་ཡོད་ཚོད་ཀྱང་ནད་དུག་གི་དཀའ་ངལ་གང་ཡང་མེད་པར་ད་ཆ་གློ་བུར་དུ་ཝུ་ཧན་དུ་འཕྲད་པའི་ཏོག་དབྱིབས་ནད་དུག་གི་དོན་རྐྱེན་འདི་ཕ་ཝང་གི་ཤ་ཟོས་པ་ལས་བྱུང་དོན་ཅི་ཡིན་ནམ། མ་ཟད་རྒྱ་རིགས་སྨན་པ་ལིའི་ཝན་ལང་མཆོག་གིས་ཆེས་ཐོག་མར་ཏོག་དབྱིབས་ནད་དུག་འདི་འགོས་ནད་རང་བཞིན་གྱི་ན་ཚ་ཞིག་ཡིན་པར་ཉེན་བརྡ་བཏང་སྐབས་ཁོང་ལ་བསྔགས་བརྗོད་དང་བཀའ་དྲིན་མ་བསམ་པར་མངགས་གཏོང་ཁང་ནས་ཕྱིན་ཆད་མ་བརྟག་པའི་གཏམ་བཤད་མ་ཡོང་ཞེས་ཐ་ཚིག་བསྒྲགས་དོན་ཅི་རེད།
ད་དུང་ཆེས་ཡ་མཚན་པ་ཞིག་ལ་ཏོག་དབྱིབས་ནད་དུག་གི་དོན་རྐྱེན་བྱུང་རྗེས་འཕྲལ་དུ་ཝུ་ཧན་ནས་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ཏུ་མཁའ་ལམ་འགྲུལ་བཞུད་བཀག་ཀྱང་ཝུ་ཧན་ནས་བོད་ཀྱི་ས་ཁུལ་མཚོ་སྔོན་སོགས་ལ་གནམ་གྲུ་སྔར་ལྟར་འཕུར་ཆོག་པའི་རྒྱུ་མཚན་གང་ཡིན་ནམ། ད་ནི་མང་པོ་བཤད་ཀྱང་ཡིག་རྙོག་ཙམ་དུ་ལུས་རྒྱུ་ལས་མེད་ཀྱང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཀྱང་ཏོག་དབྱིབས་ནད་དུག་འདི་ནད་གཞི་ཆེས་ཚབས་ཆེན་ཞིག་ཡིན་པ་དང་རིམས་ནད་ད་དུང་འགོས་ཁྱབ་ཆེས་ཆེར་འགྲོ་བཞིན་པ་ཤེས་བཞིན་དུ་རྒྱ་ནག་ལ་བསྔགས་བརྗོད་བྱེད་དོན་གང་ཡིན་ནམ།།
Share this:
༡༠༧༥ ཀློག་གྲངས།