དགོངས་པ་བཞེས་དགོས་པའི་གནད་དོན།

ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་གསལ་བསྒྲགས་གནང་རྒྱུ་ཡིན་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད། ལོ་འདིའི་འོས་བསྡུ་ཆེན་མོ་ལ་མི་མང་གིས་དོ་སྣང་ཆེན་པོ་གནང་ཡོད་པ་དང། ཕྱོགས་ཡོངས་ནས་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཡང་མང་པོ་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་སྔོན་འགྲོའི་འོས་བསྡུ་ལ་དཀའ་ངལ་འཕྲད་པའི་སྐོར་བརྗོད་ནའང་མང་པོ་བྱུང་ཡོད་ལ། དཔེར་ན་བལ་ཡུལ་གཞུང་ནས་བཙན་བྱོལ་བོད་མི་རྣམས་ཀྱིས་འོས་བསྡུ་བྱས་པའི་འོས་སྒམ་རྣམས་བཙན་འཕྲོག་བྱས་ཡོད་པ་དང། བལ་ཡུལ་གྱི་ས་གནས་ཁག་ཅིག་ནས་འོས་བསྡུའི་མ་དེབ་བཙན་འཕྲོག་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། དེ་བཞིན་ཡོངས་གྲགས་མ་ཡིན་པའི་ཤོད་ཚུལ་ཞིག་ལ་འབྲུག་ཡུལ་གྱི་འོས་ཤོག་འབྱོར་ཡོད་མེད་དང་དེ་དང་འབྲེལ་བའི་སྐོར་ལ་དཀའ་ངལ་ཞིག་འཕྲད་ཡོད་ཚུལ་ཡང་གོ་རྒྱུ་འདུག་ལ། དེ་བདེན་པ་ཡིན་མིན་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱེད་སྐབས་གསལ་པོ་ཆགས་ངེས་རེད། དེ་དང་དེ་ལྟ་བུའི་ཐོག་ནས་འོས་བསྡུ་ལ་འགལ་རྐྱེན་གང་མང་འཕྲད་ཡོད་ཀྱང་སྔར་གྱི་ལོ་རྒྱུས་དང་མི་འདྲ་བར་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་སོང་ཡོད་པ་ནི་བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་སུ་འགྲོ་བཞིན་ཡོད་པའི་མཚོན་རྟགས་རེད།

འོས་བསྡུ་ཆེན་མོ་གཉིས་སྟབས་གཅིག་ཏུ་འཁེལ་བའི་དུས་ཚོད་འདིར་དབུས་འོས་བསྡུ་ལས་ཁང་ནས་ས་གནས་ཁག་ལ་ལམ་སྟོན་འདྲ་མིན་མང་པོ་གནང་ཡོད་པ་དང། དཔེར་ན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་འགེང་ཤོག་ནང་རེའུ་མིག་བཞི་ཡོད་པ་དང།  “གཤམ་གསལ་རེའུ་མིག་ཆ་ཚང་ངེས་པར་དུ་བསྐང་དགོས།”ཞེས་འཁོད་ཡོད་པས་ས་གནས་ཁག་ནས་འོས་ཤོག་བླུག་མཁན་རྣམས་ཀྱིས་རེའུ་མིག་དེ་དག་བཞི་ཀ་བསྐང་མེད་ན་ངེས་པར་རྩིས་མེད་དུ་གཏོང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད། གནད་དོན་དེའི་སྐོར་ཆེད་བརྗོད་སྔོན་མ་ཞིག་གི་ནང་དུ་ཐེངས་གཅིག་བྲིས་པས་འོས་བསྡུའི་འགན་འཛིན་རྣམས་མཇལ་རྒྱུའི་གོ་སྐབས་བྱུང་བ་དང་། ཁོང་རྣམ་པས་སྒྲིག་གཞིའི་ནང་དུ་གསལ་བ་བཞིན་ལག་བསྟར་མ་བྱས་ན་སྒྲིག་འགལ་ཡིན་ཚུལ་སོགས་གསུང་གི་འདུག  གོང་དུ་གསལ་བའི་ཚིག་དེ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ཟུར་རྒྱན་གྱི་ནང་དུ་འཁོད་པ་ཞིག་ཡིན་པ་དང། རེའུ་མིག་བཞི་ཀ་མ་བསྐངས་པའི་འོས་ཤོག་ནང་ནས་ལྷག་པར་དུ་བཀའ་བློན་ཁྲི་པའི་འོས་མིི་ལྟ་བུ་ཡིན་ན་མིང་གསལ་པོ་འཁོད་ཟིན་པའི་རྗེས་སུ་མི་གཞན་དང་ནོར་རྒྱུའི་དོགས་པ་མེད་པ་རྣམས་རྩིས་འགྲོ་གཏོང་མི་འོས་པའི་རྒྱུ་མཚན་གང་ཡང་མེད། འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་རྩིས་མེད་གཏོང་སྟངས་ཀྱི་ལེའུ་ཟུར་དུ་ཡོད་པ་དང། འོས་བསྡུའི་སྒྲིག་གཞི་དོན་ཚན་སོ་བཞི་པའི་ནང་གསེས་གཉིས་པའི། ཁ་པ། “རང་མོས་འོས་འདེམས་སུར་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ།” ཞེས་འོས་ཤོག་རྩིས་མེད་གཏོང་ཕྱོགས་ཀྱི་དགོངས་དོན་བཞིན། སྔོན་འགྲོའི་སྐབས་རང་མོས་འོས་འདེམས་སུ་བྱེད་ཀྱི་ཡོད་ཀྱང་མི་དེའི་མིང་གསལ་པོ་བཀོད་ནས་མི་དེ་ངོ་སྤྲོད་ཡོང་ཐུབ་པ་ཞིག་བྱུང་མེད་པ་དང། དངོས་གཞིའི་སྐབས་འགྲིག་རྟགས་དང་ཐམ་ཀ་སོགས་གང་ཡང་མི་གསལ་བའི་རིགས་རྩིས་མེད་གཏོང་དགོས་ཞེས་པའི་གོ་དོན་གསལ་ཡོད་པ་རེད། གདམ་བྱའི་མི་སུ་ཡིན་ཡང་མིང་གསལ་པོ་འཁོད་ཟིན་པའི་རྗེས་སུ་རྩིས་མེད་གཏོང་རྒྱུ་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་གནང་ན། སྒྲིག་གཞིའི་དགོངས་དོན་རེད་ཅེས་ཁས་ལེན་ཞུ་ཐབས་གཏན་ནས་མེད་པ་ཞིག་རེད། སྒྲིག་གཞིའི་ཟུར་རྒྱན་གྱི་ནང་དུ་རེའུ་མིག་ཆ་ཚང་ངེས་པར་དུ་བསྐང་དགོས་ཞེས་པའི་དགོངས་དོན་དང་བསྟུན་ནས། ཆ་ཚང་མ་བསྐངས་པའི་འོས་ཤོག་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞེས་མཐའ་སྐྱེལ་བྱས་ནས་གསུང་གི་ཡོད་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་སོ་གཉིས་པའི་ནང་གསེས་གཉིས་པའི་ཅ་པ། “འོས་བསྡུའི་སྤྱིལ་བུའི་བཅད་མཚམས་རེའི་ནང་འོས་འཕེན་པ་གཉིས་སྡེབ་ཞུགས་མི་ཆོག” ཅེས་གསལ་པོ་འཁོད་ཡོད་ཀྱང། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ཀྱི་སྤྱན་འོག་ཏུ་ཡོད་པ། གངས་ཅན་སྐྱིད་གཤོངས་སུ་སྣུམ་འཁོར་འཇོག་སའི་ཁང་མིག་རེ་རེའི་ནང་མི་གཅིག་གིས་མི་ཚད་པར་མི་མང་པོ་མཉམ་ཞུགས་བྱས་སོང་བ་མ་ཟད། མདུན་ཅོག་ཆུང་ངུ་གཅིག་གི་སྟེང་དུ་མི་གཉིས་གསུམ་རེས་མཉམ་དུ་འཚང་ཁ་བརྒྱབ་པའང་བྱུང་ཡོད། བཀའ་བློན་ཁྲི་པ་མཆོག་གིས་ཐོག་མ་འོས་ཤོག་བླུག་པའི་སྐབས་འོས་བསྡུའི་སྤྱིལ་བུའི་ནང་ཁོང་གཅིག་པུ་ལས་མེད་པས་འོས་ཤོག་དེ་ཁོ་ན་ལས། གཞན་གངས་སྐྱིད་ཀྱི་འོས་ཤོག་ཡོངས་རྫོགས་རྩིས་མེད་གཏོང་དགོས་པར་འགྱུར་ངེས་ལ། སྒྲིག་གཞིའི་ཟུར་རྒྱན་ཙམ་མ་ཡིན་པར་སྒྲིག་གཞིའི་ཚིག་དོན་དངོས་ཀྱི་ནང་མི་གཉིས་སྡེབ་ཞུགས་མི་ཆོག་ཅེས་གསལ་ཡོད་བཞིན་དུ་སྒྲིག་དོན་དང་མི་མཐུན་པ་བྱུང་ཡོད་པ་འོས་བསྡུའི་འགན་འཛིན་རྣམས་ཀྱིས་ཀྱང་མཁྱེན་ངེས་པས། གོང་གི་དེ་དང་བསྡུར་ནས་བཤད་ན་རྩིས་འགྲོ་གཏོང་དགོས་པའི་རྒྱུ་མཚན་སྣེ་གཅིག་བགྲང་རྒྱུ་མེད། ས་གནས་གཞན་དུའང་དེ་ལྟར་བྱུང་ཡོད་ངེས་རེད། དེར་བརྟེན་གདམ་བྱའི་མི་དེ་སུ་ཡིན་ངོ་རྟགས་ཆོད་པ་ཞིག་ཡོད་ནའང་འོས་ཤོག་རྩིས་འགྲོ་གཏོང་རྒྱུ་མིན་ཞེས་གསུངས་པ་དེ་སྒྲིག་དོན་དང་མཐུན་པ་ཞིག་མིན་པས་མཇུག་བསྡོམས་མ་བརྒྱབ་གོང་དགོངས་བཞེས་ངེས་པར་དུ་གནང་དགོས་པ་གལ་ཆེར་མཐོང།།{jcomments on}

Share this:
༧༩ ཀློག་གྲངས།