ཀོ་རི་ཡའི་གློག་བརྙན་ཞིག་གིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་འདུག

ལྷོ་ཀོ་རི་ཡའི་གློག་བརྙན་ཞིག་ལ་རྒྱལ་སྤྱིའི་ནང་གློག་བརྙན་གྱི་བྱ་དགའི་འདུ་འཛོམས་སྐད་གྲགས་ཆེ་ཤོས་ཐོག་ཏུ། གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ནས། བྱ་དགའ་དེའི་ལོ་ངོ་༩༢ ཡི་ལོ་རྒྱུས་ནང་དབྱིན་སྐད་ཐོག་བཟོ་སྐྲུན་མ་བྱས་པའི་གློག་བརྙན་ཞིག་ལ་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ་ཐེངས་དང་པོ་ཆགས་འདུག

ཟླ་༢ པའི་ཚེས་༡༠ ཉིན་རྒྱལ་སྤྱིའི་ནང་གློག་བརྙན་གྱི་བྱ་དགའི་འདུ་འཛོམས་སྐད་གྲགས་ཆེ་ཤོས་ཨོ་སེ་ཁར་(0scar)ཞེས་པ་དེ་འཚོགས་ཡོད་པ་དང་། ལོ་རེའི་འདུ་འཛོམས་དེའི་སྐབས་སུ་འདས་མ་ཐག་པའི་ལོར་རྒྱལ་སྤྱིའི་ནང་བཟོ་སྐྲུན་བྱས་པའི་གློག་བརྙན་ཁྲོད། སྡེ་ཚན་འདྲ་མིན་ཐོག་རྩེ་ཕུད་ཀྱི་བྱ་དགའ་དང་། སྡེ་ཚན་མི་འདྲ་བའི་ནང་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། ཨོ་སེ་ཁར་བྱ་དགའ་དེ་ནི་གློག་བརྙན་དང་འབྲེལ་བའི་བྱ་དགའ་སྐད་གྲགས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། བྱ་དགའི་ཁོངས་སུ་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་དང་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་དེ་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐེངས་འདིའི་འདུ་འཛོམས་སྐབས་སུ་ལྷོ་ཀོ་རིའི་གྲགས་ཅན་གློག་བརྙན་འཁྲབ་ཁྲིད་པ་རང་ལོ་༥༠ སོན་པའི་བྷེག་ཡོང་ཧུན་(Baek Young-hoon)གྱིས་བཟོས་པའི་གློག་བརྙན་གཞན་རྟེན་སྲིད་འབུ་(Parasite)ལ། གློག་བརྙན་རྩེ་ཕུད་དང་འཁྲབ་ཁྲིད་པ་རྩེ་ཕུད། རང་རྩོམ་འཁྲབ་གཞུང་རྩེ་ཕུད། དབྱིན་སྐད་མ་ཡིན་པའི་རྒྱལ་སྤྱིའི་གློག་བརྙན་རྩེ་ཕུད་བཅས་བྱ་དགའ་བཞི་ཐོབ་ཡོད་པ་དང་། དེ་ཡང་ད་བར་དབྱིན་སྐད་ཐོག་བཟོ་སྐྲུན་མ་བྱས་པའི་གློག་བརྙན་ཞིག་ལ། གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པ་ཐེངས་དང་པོ་ཡིན་འདུག་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་ཡོད་འདུག ལྷོ་ཀོ་རི་ཡའི་མི་མང་ཚོས་དྲ་ཐོག་ནས་འཁྲབ་ཁྲིད་པ་ཁོང་ལ་དགའ་བསུ་ཆེན་པོ་ཞུ་བཞིན་འདུག རྒྱལ་ཁབ་དེའི་སྲིད་འཛིན་མཱོན་གྱིས་ཀྱང་དྲ་ཐོག་ཏུ་འཁྲབ་ཁྲིད་པ་ཁོང་གིས་རྒྱལ་ཁབ་ཀྱི་མི་མང་ཚོར་གདེང་སྤོབས་སྤྲད་པར་བཀའ་དྲིན་ཆེ་ཞུས་ནས། གློག་བརྙན་དེ་ནི་དགོད་བྲོ་བོ་ཡོད་པའི་ཐོག་སེམས་སྐྱོ་བོ་ཡང་ཡོད་པ། དེས་སྤྱི་ཚོགས་ལ་བརྡ་ལན་ཡག་པོ་སྤྲད་ཡོད་པས། ལྟད་མོ་བ་ཚོར་གློག་བརྙན་ལ་སེམས་འགུལ་དང་ཤུགས་རྐྱེན་སྤྲོད་པའི་ནུས་པ་ག་ཚོད་ཆེན་པོ་ཡོད་པ་དྲན་གསོས་བྱས་ཡོད་སྐོར་དང་། གཞུང་ངོས་ནས་གློག་བརྙན་བཟོ་སྐྲུན་གྱི་ལས་རིགས་སྡེ་ཚན་ལ་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

འཁྲབ་ཁྲིད་པ་ཁོང་གིས་གློག་བརྙན་དེར་གྲུབ་འབྲས་ཆེན་པོ་འདི་འདྲ་ཐོབ་རྒྱུའི་རེ་བ་བྱས་མེད་ཀྱང་། ཨོ་སི་ཁར་གློག་བརྙན་བྱ་དགའི་ཐོག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཞག་ཡོད་པས། སྔོན་མའི་ལམ་སྲོལ་གྱི་བསམ་བློ་རྙིང་པ་དེ་མེད་པར་བཟོས་ཏེ། རྗེས་ཕྱོགས་ནས་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་དེ་གློག་བརྙན་གང་ནས་བཟོས་པ་ཡིན་ཡང་ཐོབ་སྲིད་པ་ཆགས་ཡོད་སྐོར་བརྗོད་འདུག

གློག་བརྙན་དེ་ནི་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་ནང་དུ། ཁྱིམ་ཚང་དབུལ་ཕྱུག་གཉིས་བར་འཚོ་བ་དང་བསམ་བློ་གཏོང་ཕྱོགས་སོགས་ཀྱི་ཁྱད་པར་དང་འཐབ་རྩོད་སྐོར་ལ་ཡིན་འདུག གློག་བརྙན་དེར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་བྱ་དགའ་འདུ་འཛོམས་སོགས་ཀྱི་ཐོག་ཏུ། རྩེ་ཕུད་ཀྱི་བྱ་དགའ་མང་པོ་ཐོབ་ཡོད་ཀྱང་། འཁྲབ་སྟོན་པ་རྣམས་ལ་རྩེ་ཕུད་ཀྱི་བྱ་དགའ་ཆེན་པོ་དེ་འདྲ་ཐོབ་མེད་འདུག་པས། ཨེ་ཤི་ཡ་ནས་ཡིན་པའི་འཁྲབ་སྟོན་པར་དབྱེ་འབྱེད་དམ། ཕྱོགས་ལྷུང་གི་ལྟ་ཚུལ་ད་དུང་ཡང་འཛིན་གྱི་ཡོད་མེད་ཐད་དོགས་འདྲི་ཆེན་པོ་ཞིག་སླེབས་བཞིན་ཡོད་འདུག

གློག་བརྙན་དེར་གྲུབ་འབྲས་ཆེན་པོ་ཐོན་ཡོད་པས། ལྷོ་ཀོ་རི་ཡའི་གློག་བརྙན་ཁང་མང་པོ་ཞིག་གིས་བསྐྱར་དུ་སྟོན་རྒྱུ་ཐག་གཅོད་བྱས་འདུག ད་བར་གློག་བརྙན་དེས་རྒྱལ་སྤྱིའི་ནང་གློག་བརྙན་གྱི་འཛིན་བྱང་བཙོང་ནས་ཨ་སྒོར་ས་ཡ་༡༦༥ ལོན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༡༡ ཀློག་གྲངས།