ཏོག་དབྱིབས་ནད་ཡམས་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་གསར་ཤོས་དེ་ཡིན། 

རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་རྒྱ་ནག་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ལ་ཁྱབ་པའི་ནད་ཡམས་ཚབས་ཆེན་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་བའི་རྒྱུ་རྐྱེན་གསར་ཤོས་དེ་ཆགས་ཡོད།

དེ་ཡང་ཁ་སང་སྟེ་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ནིའུ་ཡོག་དུས་བབ་ཀྱིས“ནད་འབུས་རྒྱ་ནག་གི་དཔལ་འབྱོར་དལ་དུ་གཏོང་བཞིན་པ”ཞེས་པའི་རྩོམ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ནད་ཡམས་འགོག་སྲུང་ཆེད་དུ་གྲོང་ཁྱེར་ཕལ་མོ་ཆེ་རྣམས་སྒོ་རྒྱག་འགོ་བརྩམས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་པའི་རྗེས་སུ། ངལ་རྩོལ་བ་རྣམས་ལས་ཀར་འགྲོ་མི་ཐུབ་པར་སོ་སོའི་ཕ་ཡུལ་དུ་ལུས་ཡོད་པ་དང་། བཟོ་གྲྭ་དང་ལས་ཁུངས་རྣམས་སྒོ་བརྒྱབས་ནས་བཞག་པ། རླངས་འཁོར་དང་ཀུ་ཤུའི་ཁ་པར་བཟོ་ལས་ཁང་རྣམས་ཁུ་སིམ་མེར་གྱུར་བ་སོགས་རྒྱ་ནག་གི་དཔལ་འབྱོར་ད་དུང་འགུལ་མེད་དུ་བསྡད་ཡོད་པ་མ་ཟད། སྟོང་པར་གྱུར་བའི་སྲང་ལམ་དང་། ལྷིང་འཇགས་སེར་གནས་པའི་བཟོ་གྲྭ་ཡིས་རྒྱ་ནག་གི་དཔལ་འབྱོར་མཁོ་སྒྲུབ་ཀྱི་འཁོར་ལོ་དེ་འཁོར་བར་ད་དུང་ཡང་བདུན་ཕྲག་དང་ཟླ་བ་མང་པོ་འགོར་སྲིད་ཚུལ་བཀོད་འདུག 

དེ་བཞིན་དེ་རིང་ཚེས་ ༡༡ ཉིན་ཨ་རིའི་བྷི་ལུམ་བྷར་གྷི་(Bloomberg)གསར་ཁང་ནས་“རྒྱ་ནག་གི་ཁང་པའི་ཉོ་ཚོང་གི་བརྒྱ་ཆ་ ༩༠ མར་ལྷུང་བ”ཞེས་པའི་གནས་ཚུལ་ཞིག་བཏོན་པའི་ནང་། ནད་ཡམས་ཀྱི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༢ པའི་ཟླ་འགོར་རྒྱ་ནག་གི་ཁང་པའི་ཚོང་ལས་དེ་ན་ནིང་དང་བསྡུར་ན་བརྒྱ་ཆ་ ༩༠ ཙམ་མར་ཆག་ཡོད་པ་མ་ཟད། གལ་སྲིད་ཕྱི་ཟླ་ ༤ པའི་ནང་ནད་ཡམས་དེ་སྟངས་འཛིན་ཐུབ་པའི་དབང་དུ་བཏང་བ་ཡིན་ན། ཁང་པའི་ཚོང་ལ་སླར་ཡང་གཉེར་ཐུབ་པ་ཡོང་སྲིད་མོད། འོན་ཀྱང་མི་རྣམས་ལས་ཀར་འགྲོ་མ་ཐུབ་པར་བརྟེན་ནས་ཡོང་སྒོ་ཉུང་དུ་ཕྱིན་པ་ཡིན་ན། ཁང་པ་ཉོ་མི་ཐུབ་པར་ཕར་འགྱངས་བྱེད་དགོས་སྟབས་ཁང་པའི་ཚོང་ལས་བཟང་དུ་འགྲོ་དཀའ་བའི་གནས་ཚུལ་བྲིས་འདུག  

དེ་མིན་ད་དུང་ནད་ཡམས་ཀྱི་རྐྱེན་གྱིས་རྒྱ་ནག་གི་གྲོང་དང་གྲོང་ཁྱེར་ཕལ་ཆེ་བ་སྒོ་བརྒྱབས་ཡོད་སྟབས། རྒྱལ་ཁབ་ཀྱི་ཞབས་ཞུའི་རྣམ་གྲངས་ཏེ། ཡུལ་སྐོར་ཚོང་ལས་དང་། མགྲོན་ཁང་། འགྲིམ་འགྲུལ། ཚོང་ལས་ཙག་ཙིག་སོགས་ལ་གྱོང་གུན་ཚབས་ཆེན་འཕོག་བཞིན་ཡོད་པ་དང་། ནད་ཡམས་སྟངས་འཛིན་ཐུབ་ནས་ཚོང་ལས་རྣམས་རྒྱུན་ལྡན་དུ་འགྱུར་བ་ལ་ད་དུང་ཡང་དུས་ཡུན་རིང་པོ་ཞིག་འགོར་རྒྱུ་ཡིན་པར་མངོན།  

ནད་ཡམས་ཀྱི་དབང་གིས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ད་ལྟའི་ཚད་དུ་མ་ལྷུང་བའི་སྔོན་ལའང། གཙོ་བོ་ལོ་ངོ་གཉིས་ཙམ་རིང་འཁྲུགས་པའི་ཨ་རྒྱའི་ཚོང་དམག་གི་ཤུགས་རྐྱེན་ལ་བརྟེན་ནས། ཕྱི་ལོ་ ༢༠༡༩ ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་ལོ་ ༣༠ ནང་འབྱུང་མྱོང་མེད་པའི་དལ་དུ་ཕྱིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༩༡༩ ཀློག་གྲངས།