༧གོང་ས་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐྱར་དུ་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་གནང་།

ཁ་སང་རེས་གཟའ་མིག་དམར་ཉིན་ཕྱིར་བསྒྲགས་བྱས་པའི་རྒྱལ་ས་ལྡི་ལིའི་གྲོས་ཚོགས་འོས་བསྡུའི་ནང་། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་པ་ཨར་ཝིནྡ-ཀེཇི་རི་ཝལ(Arvind Kejriwal)གྱི་ཚོགས་པ་ལ་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཁོང་སླར་ཡང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་བྱུང་རྗེས། ༧གོང་ས་མཆོག་གིས་ཁོང་དང་ཁོང་གི་ཚོགས་པའི་རྒྱལ་ཁ་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་རྒྱ་གར་མི་མང་གིས་མང་གཙོར་ལོངས་སུ་སྤྱོད་བཞིན་པ་དེར་ཡི་རང་བསྔགས་བརྗོད་མཛད་འདུག 

དེ་ཡང་༧རྒྱལ་བ་རིན་པོ་ཆེའི་འཚམས་འདྲིའི་ཕྱག་འཕྲིན་དེར། “སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་བཟང་པོ་ལས། ལྡི་ལིའི་མི་མང་ཚོར་མུ་མཐུད་ཕན་ཐོགས་འབྱུང་བཞིན་ཡོད། ང་ཚོས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་ལྡི་ལིའི་མངའ་ཁོངས་ཀྱི་གཞུང་འབྲེལ་སློབ་གྲྭ་ཁག་གི་ཆེད་དུ་བདེ་སྐྱིད་སྐྲུན་ཐབས་(Happiness Curriculum)ཞེས་པའི་སློབ་ཚན་དབུ་འབྱེད་སྐབས་ངོས་ཀྱིས་ཁྱེད་ལ་ཞུས་པ་ལྟར། ཁྱེད་དང་ཁྱེད་ཀྱི་གཞུང་ནས་བཟང་པོའི་ཡོན་ཏན་རྣམས་གོང་མཐོར་བཏང་སྟེ་བདེ་སྐྱིད་ལྡན་པའི་འགྲོ་བ་མི་བཟང་པོ་སྐྲུན་ཐབས་བྱེད་པའི་འབད་བརྩོན་ལ་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་ཡི་ཡོད། འབད་བརྩོན་འདི་དག་གིས་ཕྲུ་གུ་ཚོའི་ཁྱོན་ཡོངས་ཀྱི་ཤེས་ཡོན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་པ་མ་ཟད། དབུལ་ཕོངས་ཉམ་ཐག་ཚོར་སོ་སོའི་འཚོ་བ་བཟང་དུ་གཏོང་བའི་རྨི་ལམ་མངོན་དུ་བསྒྱུར་བར་ཡང་ཕན་ཐོགས་ངེས་རེད”ཅེས་འཁོད་འདུག

དེ་མིན་ད་དུང་ཁོང་གི་མཛད་འཆར་དང་འབྲེལ་བའི་ཐད་ལ་མུ་མཐུད་འཁོད་དོན། “ངོས་ཀྱིས་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་བཞིན་པ་མ་ཟད། བློའི་རྣམ་གཞག་སྐོར་གྱི་རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོའི་ཆེད་དུ་ཆོད་སེམས་བརྟན་པོས་འབད་བརྩོན་བྱེད་བཞིན་ཡོད། དེར་བརྟེན་ལྡི་ལིའི་གཞུང་ནས་སློབ་གྲྭའི་སློབ་ཚན་ནང་དུ་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཀྱི་སློབ་ཚན་བཞག་པ་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད།  ལས་འགུལ་དེས་རྒྱ་གར་ས་གནས་གཞན་ལའང་མིག་དཔེ་བཟང་པོ་ཞིག་སྟོན་བཞིན་ཡོད། ངོས་ཀྱིས་གནད་དོན་འདི་ཧ་ཅང་གལ་གནད་ཆེན་པོར་རྩི་བཞིན་ཡོད་དེ། དེའི་རྒྱུ་མཚན་གང་ཡིན་ཞུས་ན། ངོས་ཀྱིས་གནའ་བོའི་ཤེས་རིག་འདི་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཡང་དག་པར་ཟུང་དུ་སྦྲེལ་ནས་མི་མང་རྣམས་ལ་སེམས་ཀྱི་ཞི་བདེ་ཡོང་བ་སྟོན་ཐུབ་མཁན་དེ་རྒྱ་གར་གཅིག་པུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གར་གྱི་ན་གཞོན་ཚོས་ངོས་ཀྱི་ལངས་ཕྱོགས་དེར་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་རེ་བ་དང་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་རེད”

༧རིན་པོ་ཆེ་མཆོག་གིས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཁོང་གི་མིག་མདུན་གྱི་ལས་དོན་མཐའ་དག་ལྷམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས་མཇུག་བསྡུས་འདུག 

ད་ཐེངས་ཀྱི་ལྡི་ལིའི་གྲོས་ཚོགས་ཀྱི་འོས་བསྡུའི་ཁྲོད། ཁྱོན་བསྡོམས་རྐུབ་སྟེགས་ ༧༠ ཡོད་པ་ལས་རྐུབ་སྟེགས་ ༦༢ ཨར་ཝིནྡ-ཀེཇི་རི་ཝལ་གྱི་ཚོགས་པ་ཨེ་ཨེ་ཕི་(AAP)ལ་ཐོབ་པ་དང་། ལྷ་མའི་རྐུབ་སྟེགས་ ༧ དེ་བྷི་ཇི་ཕི་ཚོགས་པ་(BJP)ལ་ཐོབ་འདུག དེ་བཞིན་དེ་སྔོན་ཕྱི་ལོ་ ༢༠༡༥ ལོར་བསྡུས་པའི་འོས་བསྡུའི་ནང་དུ་ཡང་ཨེ་ཨེ་ཕི་ཚོགས་པ་རྐུབ་སྟེགས་ ༦༧ བྱུང་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་ཐོབ་མྱོང་ཡོད་འདུག 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༣༤༠ ཀློག་གྲངས།