ཨ་རིའི་གཙུག་ལག་སློབ་ཁང་གྲགས་ཅན་གཉིས་ཀྱིས་ཕྱིའི་རོགས་དངུལ་སྦས་གསང་བྱས་ཡོད་འདུག

ཨ་རིའི་ཤེས་ཡོན་སྡེ་ཚན་ཁག་གི་ནང་རྒྱ་ནག་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་འགྲོ་སོང་བཏང་ནས། སོ་མྱུལ་དང་འཇབ་རྒོལ་སོགས་ཀྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་གནས་ཚུལ་མང་པོ་ཕྱིར་ཐོན་ཡོད་པའི་སྐབས་དེར། རྒྱལ་ཁབ་དེའི་གཙུག་ལག་སློབ་ཁང་གྲགས་ཅན་གཉིས་ཀྱིས་ཨ་སྒོར་ས་ཡ་མང་པོ་ཕྱི་ལོགས་ནས་བླངས་ཀྱང་ཁྲིམས་ལྟར་སྙན་སེད་ཞུས་མེད་རྐྱེན། དབུས་གཞུང་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད་འདུག

ཟླ་༢ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ཁྲིམས་ལུགས་ལྟར་ན་རྒྱལ་ཁབ་དེའི་གཙུག་ལག་སློབ་ཁང་ངམ་ཤེས་ཡོན་ལྟེ་གནས་ཁང་ཞིག་ལ། ཕྱིའི་རྒྱལ་ཁབ་ཁག་ནས་ཞལ་འདེབས་སམ་གན་རྒྱ་ཐོག་ནས་དངུལ་ཨ་སྒོར་༢༥༠,༠༠༠ ལས་མང་བ་ཐོབ་ཚེ། དབུས་གཞུང་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག འོན་ཀྱང་ལོ་མང་རིང་ཨ་རིའི་གཙུག་ལག་སློབ་ཁང་གྲགས་ཅན་ཚོས། ཕྱིའི་རྒྱལ་ཁབ་ཁག་ནས་ཞལ་འདེབས་དང་གན་རྒྱ་ཐོག་ནས་ཨ་སྒོར་ས་ཡ་བརྒྱ་ཕྲག་མང་པོ་ཐོབ་པའི་གནས་ཚུལ་རྣམས་སྙན་སེང་ཞུས་མེད་པ་གསལ་པོ་ཆགས་ཡོད་སྐོར་ཨ་རིའི་ཤེས་རིག་ལས་ཁུངས་ཀྱིས་བརྗོད་འདུག

ལོ་སྔོན་མའི་ཟླ་༧ པ་ནས་ད་བར་ཤེས་རིག་ལས་ཁུངས་ཀྱིས་ཨ་རིའི་གཙུག་ལག་སློབ་ཁང་ཁག་ལ། རྒྱ་ནག་དང་ཁ་ཊར། སོ་ཌི་ཨ་རབ་སོགས་ནས་ཨ་སྒོར་ཐེར་འབུམ་༦.༦ ཞལ་འདེབས་སྤྲད་ཡོད་པའི་གནས་ཚུལ་ར་སྤྲོད་གསལ་པོ་ཆགས་ཡོད་པ་དང་། དངོས་ཡོད་གནས་ཚུལ་ལ་དངུལ་འབོར་དེ་ལས་མང་བ་ཡོད་སྲིད་སྐོར་བརྗོད་འདུག

ད་ལྟའི་ཆར་ཨ་རིའི་ནང་གི་གཙུག་ལག་སློབ་ཁང་གྲགས་ཅན་ཧཱ་ཝར་ཌ་དང་ཡཱེལ་གཉིས་ལ། ཕྱིའི་རྒྱལ་ཁབ་ཁག་ནས་ཨ་སྒོར་ས་ཡ་མང་པོ་ཐོབ་ཡོད་ཀྱང་། དབུས་གཞུང་ལ་སྙན་སེང་མ་བྱས་པའི་དོགས་གཞིའི་འོག་ཞིབ་འཇུག་འགྲོ་བཞིན་ཡོད་འདུག དེ་ཡང་ཡཱེལ་གཙུག་ལག་སློབ་ཁང་གིས་འདས་པའི་ལོ་༤ ཡི་ནང་དུ་ཕྱིའི་རྒྱལ་ཁབ་ཁག་ནས་ཐོབ་པའི་དངུལ་གྱི་སྐོར་ལ་སྙན་སེང་གང་ཡང་ཞུས་མེད་འདུག་པས། ཉུང་མཐར་ཨ་སྒོར་ས་ཡ་༣༧༥ ཡི་ཐོག་ལ་སྦས་གསང་བྱས་པའི་དོགས་པ་བྱེད་བཞིན་འདུག

དེ་བཞིན་ཧཱ་ཝར་ཌ་གཙུག་ལག་སློབ་ཁང་ནང་དུ་ཕྱིའི་རྒྱལ་ཁབ་ཁག་ནས་བླངས་པའི་དངུལ་ལ་འཛིན་སྐྱོང་ནས་སྟངས་འཛིན་དོ་ནན་བྱས་མེད་པ་དང་། དབུས་གཞུང་ལ་ཡང་སྙན་སེང་ཆ་ཚང་བ་ཞུ་ཐུབ་མེད་འདུག་པས། རྒྱ་ནག་དང་ཁ་ཌར། ཨུ་རུ་སུ། སོ་ཌི་ཨ་རབ། ཨི་རན་བཅས་ཀྱི་གཞུང་དང། དེ་བཞིན་རྒྱ་ནག་གི་ཧུ་ཝེ་ཚོང་ལས་ཁང་ཚུད་པའི་ཚོང་ལས་ཁང་ཁག་བཅས་ནས་ཐོབ་པའི་དངུལ་གྱི་སྐོར་ལ་སྙན་ཐོ་མཁོ་སྤྲོད་བྱེད་དགོས་སྐོར་ཤེས་རིག་ལས་ཁུངས་ནས་བཀའ་བཏང་ཡོད་པ་རེད་འདུག

ཟླ་༡ པོའི་ནང་ཧཱ་ཝར་ཌ་གཙུག་ལག་སློབ་ཆེན་གྱི་རྫས་སྦྱོར་དང་སྐྱེ་དངོས་རྫས་སྦྱོར་རིག་པའི་སྡེ་ཚན་གྱི་འགན་འཛིན་ལོ་ན་༦༠ སོན་པའི་སློབ་དཔོན་ཆལ་སེ་ལཱི་བྷེར་ཡིས། རྒྱ་ནག་གི་ཚོགས་པ་ཁག་ཅིག་དང་མཉམ་ལས་བྱས་ནས་ཨ་སྒོར་ཁྲི་མང་པོ་བླངས་ཡོད་ཀྱང་། དེའི་སྐོར་སྦས་གསང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་ཡང་ཧཱ་ཝར་ཌེ་སློབ་ཆེན་ནང་སློབ་དཔོན་དེའི་ཉམས་ཞིབ་རུ་ཁག་ལ་ཨ་རིའི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་བདེ་སྲུང་ལྟེ་གནས་ཁང་ནས་རོགས་དངུལ་ཨ་སྒོར་ས་ཡ་༡༥ ཐོབ་ཡོད་པས། གལ་ཏེ་ཕྱིའི་རྒྱལ་ཁབ་ཁག་ནས་ཨ་རིའི་དམིགས་ཡུལ་དང་འགལ་ཟླ་འགྲོ་བའི་ལས་འཆར་ཆེད་དངུལ་ལེན་གྱི་ཡོད་ཚེ་ཕྱིར་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། སློབ་དཔོན་དེ་དང་རྒྱ་ནག་གི་ཝུ་ཧན་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་བ་ཡོད་ཁར། རྒྱ་ནག་གི་སློབ་ཆེན་དེས་ཟླ་རེེར་ཁོ་ལ་ཨ་སྒོར་ཁྲི་༥ སྤྲད་ཡོད་པ་མ་ཟད། སློབ་ཆེན་དེར་ཚན་རིག་གི་ཞིབ་འཇུག་ལྟེ་གནས་ཁང་ཞིག་འཛུགས་ཆེད་དུ་ཁོ་ལ་ཨ་སྒོར་ས་ཡ་༡.༥ སྤྲད་ཡོད་པ་རྣམས་སྦས་གསང་བྱས་འདུག དེ་བཞིན་རྒྱ་ནག་ནང་དུ་ཚན་རིག་པ་གྲགས་ཅན་ཡོང་ཆེད་དུ། རྒྱ་ནག་གི་རིག་སྩལ་བ་གསར་འཇུག་གི་ལས་ཁང་ཞིག་དང་ཁོའི་བར་གན་རྒྱ་ཡང་བཞག་ཡོད་འདུག ཁོས་དངུལ་དེ་དག་དང་རྒྱ་ནག་གི་སློབ་ཆེན་དང་འབྲེལ་བ་ཡོད་པ་རྣམས་ཁྲིམས་འགལ་ཐོག་ནས་སྦས་གསང་བྱས་ཡོད་འདུག་པས། འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་གཏའ་དངུལ་ཨ་སྒོར་ས་ཡ་གཅིག་སྤྲད་ནས་གློད་གྲོལ་བཏང་ཡོད་པ་རེད་འདུག

གཙུག་ལག་སློབ་ཁང་གཉིས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་བཀའ་ལྟར་སྙན་ཐོ་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

ཨ་རིའི་ཤེས་རིག་བློན་ཆེན་ལྕམ་བྷེཌ་སི་ཌེ་ཝོ་ཡིས། གནད་དོན་དེ་ནི་ཕྱི་གསལ་ནང་གསལ་དང་འབྲེལ་བ་ཡོད་པ་རེད། གལ་ཏེ་གཙུག་ལག་སློབ་ཁང་དང་མཐོ་སློབ་ཚོས་ཕྱིའི་རྒྱལ་ཁབ་ཁག་ནས་དངུལ་ལེན་གྱི་ཡོད་ཚེ། ཤེས་ཡོན་ལྟེ་གནས་ཁང་དེ་ཚོའི་སློབ་མ་དང་རོགས་ཚོགས། མི་མང་སོགས་ལ་ཕྱིའི་རྒྱལ་ཁབ་ཁག་ནས་དངུལ་ག་ཚོད་ལེན་གྱི་ཡོད་པ་དང་། རྒྱལ་ཁབ་སུས་སྤྲད་ཡོད་པའི་གནས་ཚུལ་ཤེས་པའི་ཐོབ་ཐང་ཡོད་པ་རེད། དེའི་ཐོག་དེ་ནི་ཁྲིམས་ནས་བསྐུལ་བའི་ལས་འགན་ཡིན་པ། བློ་ཕམ་པ་ཞིག་ལ་ཤེས་རིག་ལས་ཁུངས་ནས་ཞིབ་འཇུག་གཏིང་ཟབ་ག་ཚོད་བྱས་ན། དེ་ཚོད་ཀྱིས་ཕྱི་ལོགས་ནས་ཐོབ་པའི་དངུལ་སྙན་སེང་ཞུས་མེད་པ་དང་ཆ་ཚང་བ་སྙན་སེང་མ་ཞུས་པའི་གནས་ཚུལ་མང་པོ་རྙེད་སོན་བྱུང་གི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༠༤ ཀློག་གྲངས།