བོད་ཆས་དང“འགྱིང་འགྲོས”ཀྱིས་བོད་རང་བཙན་ཉིན་མོ་བརྩི་སྲུང་ཞུས་སོང་། 

༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་གམ་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ཧྲིལ་པོ་ ༡༠༧ འཁོར་བའི་ཉིན་མོར། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་“འགྱིང་འགྲོས”ཞེས་པའི་ལས་འགུལ་ཞིག་གོ་སྒྲིག་ཞུས་ནས་བོད་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་རིང་མོའི་ཁྲོད་ཀྱི་ཉིན་མོ་གལ་ཆེན་དེ་སྲུང་བརྩི་དང་རྗེས་དྲན་ཞུས་སོང་། 

དེ་ཡང་བོད་ཆས་གྱོན་ནས་དྷ་སའི་མེག་གྷན་གྱི་སྲང་ལམ་དུ་“འགྱིང་འགྲོས”ཀྱིས་སྐྱོད་པའི་ལས་འགུལ་དེ་དེ་རིང་ཉིན་གུང་གི་ཆུ་ཚོད་ ༡༢: ༣༠ ཡོལ་ཙམ་ལ་འགོ་ཚུགས་སོང་བ་དང་། བོད་ཀྱི་གཡག་དང་གངས་སེང་གི་འབག་གོས་གྱོན་མཁན་དང་། མདོ་དབུས་ཁམས་གསུམ་གྱི་ཆས་གོས་གྱོན་པའི་ལས་འགུལ་བ་ཚོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། ཐང་གའི་གཟུགས་སུ་བཟོས་པའི་ཆུ་གླང་རྩ་ཚིག་ཁྱེར་ནས་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཡོད་པའི་དཔའ་བོའི་རྡོ་རིང་ནས་དྷ་སའི་སུམ་མདོ་བར་འགྱིང་འགྲོས་ཀྱིས་བསྐྱོད་སོང་། 

“འགྱིང་འགྲོས”ཞེས་པའི་ལས་འགུལ་དེའི་འགོ་དངོས་སུ་མ་ཚུགས་པའི་སྔོན་ལ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས་ལས་འགུལ་དེ་ལྟ་བུ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་སྐོར་གྱི་གཏམ་བཤད་ཅིག་སྤེལ་བའི་ནང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་༧གོང་ས་བཅུ་གསུམ་པ་ཆེན་པོས་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་ ༡༠༠ འཁོར་བའི་ལོ་སྟེ། ཕྱི་ལོ་ ༢༠༡༣ ནས་དེ་འདྲའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་རིང་ཆས་གོས་གྱོན་ནས་འགྲོ་བའི་དམིགས་ཡུལ་གཙོ་བོ་དེ་ནི་བོད་ནང་དུ་ཡོད་པའི་བོད་མི་ཚོས་རིག་གཞུང་བེད་སྤྱོད་བྱས་ནས་རྒྱ་མི་དང་། དམར་ཤོག་གཞུང་ལ་ཁ་གཏད་གཅོག་པ་དང་། དེ་བཞིན་སོ་སོ་བོད་པ་ཡིན་པའི་སྤོབས་པ་ངོམ་པ་དེར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་དང་། ཁོ་ཚོའི་ལས་འགུལ་ཤུགས་ཆེ་རུ་གཏོང་ཆེད་ཡིན་ཚུལ་བརྗོད་སོང་།

དེ་བཞིན་དེ་འགུལ་དེར་མཉམ་ཞུགས་བྱེད་མཁན་འགའ་ལ་མཉམ་ཞུགས་བྱེད་པའི་རྒྱུ་མཚན་སྐོར་སྐད་ཆ་དྲིས་པ་ན། བསྟན་འཛིན་ཕུན་ཚོགས་ཀྱིས“ཁོང་ཚོའི་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པའི་[རྒྱུ་མཚན]གཙོ་བོ་ཞིག་ག་རེ་མཐོང་སོང་ལབས་ན། ཁོ་རང་ཚོས་གཞི་འཛིན་ས་དེ་བོད་ཀྱི་ཆས་གོས་རིག་གཞུང་དེའི་སྒང་ལ་རེད་འདུག དེའི་སྒང་ལ་ངས་ཟུར་ནས་ཁོང་ཚོར་རོགས་པ་འདྲ་བྱས་ན། སྔོན་མ་ལོ་རྒྱུས་ནས་ཡོད་པའི་དུག་ལོག་དེ་ཚོ་གོན་ཡོང་དུས། བོད་མི་རིགས་ཀྱི་ངོ་བོ་ཨེ་འདྲ་ཞིག་འདུག་ཨང་སྙམ་པའི་སྤོབས་པ་སྐྱེ་དགོས་པ་ཞིག་རེད་བསམས་སོང”ཞེས་བརྗོད་བྱུང་། 

དེ་མིན་ད་དུང་བསྟན་འཛིན་ལྷ་སྒྲོན་གྱིས་ལས་འགུལ་དེའི་ནང་འཛུལ་ཞུགས་བྱེད་པའི་རྒྱུ་མཚན་སྐོར་ལ་འདི་ལྟར་བརྗོད་བྱུང་སྟེ། “བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་བྱས་པའི་ལས་འགུལ་འདིའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་དེ། དེ་རིང་སྐུ་ཕྲེང་བཅུ་གསུམ་གྱིས་ ༡༩༡༣ ཟླ་ ༢ ཚེས ༡༣ ལ་བོད་རང་བཙན་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་རེད། དེ་ནས་བོད་ནང་དུ་ཡོད་པའི་རྒྱ་མིའི་དམག་སྒར་མང་པོ་ཡོད་པ་ཚང་མ་མར་ཕུད་ནས། བོད་ནང་ལ་དེང་རབས་ཀྱི་རྒྱལ་ཁབ་ཀྱི་བསམ་བློ་(Idea)ཐེངས་དང་པོར་སྐུ་ཕྲེང་བཅུ་གསུམ་གྱིས་ངོ་སྤྲོད་བྱས་པ་རེད། སྐབས་དེའི་དུས་ཚོད་དེ་གལ་ཆེན་པོ་དཔེ་ཡིན་པ་ང་ཚོ་ཚང་མས་ཧ་གོ་ཡི་རེད། དེ་རིང་ལོ་ ༡༠༧ ཕྱིན་པའི་རྗེས་དྲན་དུས་ཚོད་དེ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་གོ་སྒྲིག་ཞུས་པ་དེ་ང་རང་ངོས་ནས་འཛུལ་ཞུགས་བྱེད་རྒྱུ་དེ་དཔེ་གལ་ཆེན་པོ་ཚོར་སོང་། དེ་ནས་འདིར་ཡོང་བ་ཡིན།”

གཞན་ཡང་ལས་འགུལ་འདིའི་ཆ་ཤས་གཞན་ཞིག་ནི། ཕྱི་དྲོའི་ཆུ་ཚོད་ ༦ པའི་ཐོག་མཁས་པ་གཉིས་ཀྱིས་སིམ་ལའི་ཆིངས་ཡིག་དང་འབྲེལ་བའི་ཐོག་ལ་གཏམ་བཤད་ཀྱང་གནང་རྒྱུ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༢༦༩ ཀློག་གྲངས།