གྲོས་ཚོགས་གོང་མས་ཊོམ་གྱི་ཨི་རན་ལ་དམག་རྒྱག་རྒྱུའི་དབང་ཚད་ཆུང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་འདུག

 ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། ཨ་རིའི་སྲིད་འཛིན་གྱིས་ཨི་རན་ལ་དམག་རྒྱག་པར་ཐོག་མར་གྲོས་ཚོགས་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པའི་གྲོས་ཆོད་ལ་རྒྱབ་སྐྱོར་ཐོབ་པ་དང་། སྲིད་འཛིན་ཊོམ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཕལ་ཆེ་བས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་པས། ཊོམ་གྱིས་དགག་བྱ་བྱས་ཏེ་མིང་རྟགས་བཀོད་རྒྱུ་མིན་པའི་སྡིགས་སྐུལ་བྱས་འདུག 

ཟླ་༢ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། ཨ་རིའི་སྲིད་འཛིན་གྱིས་ཨི་རན་དང་དམག་འཁྲུག་རྒྱག་པར་ཐོག་མར་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པའི་གྲོས་འཆར་ཞིག་གི་ཐོག་ལ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་༨ ཀྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཉམ་དུ་རྒྱབ་སྐྱོར་བྱས་འདུག་པས། མཐའ་མའི་གྲུབ་དོན་དུ་རྒྱབ་སྐྱོར་བྱེད་མཁན་༥༥ དང་དགག་བྱ་བྱེད་མཁན་༤༥ བྱུང་ནས་གྲོས་ཆོད་དུ་གཏན་འབེབས་བྱུང་འདུག 

གྲོས་ཆོད་དེའི་ཐོག་གྲོས་ཚོགས་གོང་མའི་ནང་འོས་བསྡུ་མ་བྱས་པའི་སྔོན་དུ། སྲིད་འཛིན་ཊོམ་གྱིས་གྲོས་ཆོད་དེར་རྒྱབ་སྐྱོར་མི་བྱེད་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་དང་། གལ་ཏེ་གྲོས་ཆོད་དེར་རྒྱབ་སྐྱོར་ཐོབ་ཚེ་ཨ་རིའི་གཞུང་གིས་དགག་བྱ་བྱེད་རྒྱུའི་སྡིགས་བསྐུལ་ཡང་བྱས་འདུག 

སྲིད་འཛིན་ཊོམ་དང་གྲོས་ཆོད་དེར་དགག་བྱ་བྱེད་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས། གྲོས་ཆོད་དེས་ཨི་རན་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་ཨ་རིའི་ནུས་སྟོབས་ཉམས་དམའ་བའི་བརྡ་ལན་ནོར་བ་སྤྲོད་རྒྱུ་ཡིན་པའི་སྐྱོན་བརྗོད་བྱས་འདུག་ཀྱང་། གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས། གྲོས་ཆོད་དེས་རྒྱལ་སྤྱིའི་ནང་ཨ་རི་ནི་ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པའི་བརྡ་ལན་སྤྲོད་རྒྱུ་ཡིན་པ་དང་། དམག་མ་རྒྱག་པའི་སྔོན་དུ་གྲོས་ཚོགས་ནས་ཞིབ་འཇུག་དང་བགྲོ་གླེང་བྱས་ཏེ་རྒྱབ་སྐྱོར་བྱེད་དང་མི་བྱེད་ཀྱི་ཐག་གཅོད་བྱེད་ཀྱི་ཡོད་པ་དེ་ནི་སྟོབས་ཤུགས་ཀྱི་མཚོན་རྟགས་ཡིན་སྐོར་བརྗོད་བཞིན་འདུག 

ཟླ་༡ པོའི་ནང་མང་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། ཕྱི་ལོ་༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཨི་རག་ནང་དམག་རྒྱག་རྒྱུར་རྒྱབ་སྐྱོར་ཆོག་མཆན་སྤྲད་པའི་གྲོས་ཆོད་དེ་ནུས་མེད་བཟོ་རྒྱུའི་གྲོས་ཆོད་དང་། ཨི་རན་ལ་དམག་དོན་བྱ་སྤྱོད་མ་སྤེལ་ཆེད་དུ་གཞུང་གི་དངུལ་བེད་སྤྱོད་གཏོང་བར་གྲོས་ཚོགས་ཀྱི་མོས་མཐུན་ཐོབ་དགོས་ཀྱི་ཡོད་པའི་གྲོས་ཆོད། དེ་བཞིན་སྲིད་འཛིན་ཊོམ་གྱིས་ཨི་རན་ལ་དམག་གི་བྱ་སྤྱོད་མ་སྤེལ་བའི་སྔོན་དུ། གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་དགོས་པའི་གྲོས་ཆོད་བཅས་གྲོས་ཆོད་གསུམ་འཇོག་ཐུབ་ནས། སྲིད་འཛིན་ཊོམ་དང་མ་འོངས་པའི་སྲིད་འཛིན་ཚོའི་དམག་གི་དབང་ཚད་ཆུང་དུ་གཏོང་བའི་ལམ་བུ་བཟོས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་གྲོས་ཆོད་དེ་དག་ནུས་པ་ཐོན་པར་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ཁར། ཐེངས་འདིར་གྲོས་ཚོགས་གོང་མའི་ནང་ཨི་རན་ལ་དམག་མ་བརྒྱབ་པའི་སྔོན་དུ་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པའི་གྲོས་ཆོད་དེར་རྒྱབ་སྐྱོར་ཐོབ་ཀྱི་ཡོད་ཀྱང་། གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཆོད་དེའི་ཐོག་གི་ཡིག་འབྲུ་དང་བརྗོད་པ་གཅིག་མཚུངས་མི་འདུག་པས། གྲོས་ཆོད་དེ་སྲིད་འཛིན་ཊོམ་གྱི་མདུན་དུ་འགྲོ་བར། གྲོས་ཚོགས་འོག་མའི་ནང་གྲོས་ཆོད་དེར་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག 

ཨ་རིས་ཨི་རན་གྱི་དམག་དཔོན་ཆེན་མོ་ཞིག་ལ་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ་བསད་རྐྱེན། ཨི་རན་ནང་ཨ་རིར་འཁོན་སེམས་ཆེ་རུ་སོང་ཡོད་པ་དང་། ཨི་རན་གྱིས་ཨི་རག་ནང་ཡོད་པའི་ཨ་རིའི་དམག་སྒར་གཉིས་ལ་དྲག་རྒོལ་བྱས་པ་སོགས་ལ་བརྟེན་ནས། རྡུལ་མཚོན་ལྡན་པའི་རྒྱལ་ཁབ་གཉིས་བར་དམག་འཁྲུག་བྱུང་སྲིད་པའི་ཛ་དྲག་གནས་སྟངས་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༤༡ ཀློག་གྲངས།