ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཞིབ་བཤེར་སྟངས་འཛིན་ལས་སྲུང་སྐྱོབ་བྱེད་པའི་ཁྲིམས་འཆར་གསར་པ་བཏོན་འདུག

 རྒྱ་ནག་གཞུང་གིས་ཁྲོམ་ར་དང་དཔལ་འབྱོར་གྱི་དབང་ཤུགས་བཀོལ་ཏེ་ཨ་རིའི་ས་ཐོག་ནས་ཨ་རིའི་མི་སེར་གྱི་སྨྲ་བརྗོད་རང་དབང་ལ་ཞིབ་བཤེར་དང་སྟངས་འཛིན་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་འཐུས་མི་ཚོ་གཅིག་གིས་དེ་ལ་ཁ་གཏད་བཅག་སྟེ། ཨ་རིའི་མི་མང་གི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་The Epoch Times གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འཐུས་མི་ཁ་ཅིག་གིས་“ཨ་རིའི་ནང་ཕྱིའི་རྒྱལ་ཁབ་ཀྱི་ཞིབ་བཤེར་སྟངས་འཛིན་འགོག་སྲུང་བྱེད་པའི་ཁྲིམས་”(Preventing Foreign CENSORSHIP in America Act)ཞེས་པའི་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་བྱས་ཡོད་འདུག་ཅིང་། ཁྲིམས་འཆར་གསར་པ་དེའི་དམིགས་ཡུལ་ནི། ཉེ་བའི་ཆར་རྒྱ་ནག་ལྟ་བུའི་ཕྱིའི་རྒྱལ་ཁབ་རྣམས་ཀྱིས་ཨ་རིའི་བཟོ་ཚོང་ཁང་དག་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་དེ་ཆབ་སྲིད་ཀྱི་གནད་དོན་གླེང་མཁན་གྱི་ལས་མི་དག་ཕྱིར་འཕུད་གཏོང་བའམ་ཉེས་ཆད་གཅོད་པའི་གནས་ཚུལ་འབྱུང་བཞིན་པ་དེ་འགོག་སྲུང་བྱས་ཏེ་ཨ་རིའི་མི་མང་གི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་ཆེད་ཡིན་འདུག

ལོ་སྔོན་མར་ཧོང་ཀོང་དུ་མང་གཙོའི་ངོ་རྒོལ་ཆེན་མོ་དེ་འབྱུང་བཞིན་པའི་ཚེ། འཕུར་མདའ་རུ་ཁག་(Houston Rocket)གི་སྤྱི་གཉེར་བ་ཌེ་རིལ-མོ་རི་ཡིས་ཧོང་ཀོང་གི་ངོ་རྒོལ་ཚོར་རྒྱབ་སྐྱོར་གྱི་ཚིག་གཅིག་སོ་སོའི་དྲ་ངོས་སུ་བཞག་རྗེས། རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའུ་རུ་ཚོགས་(NBA)ལ་གནོན་ཤུགས་སྤྲད་དེ་ཁོ་ཕྱིར་འཕུད་གཏོང་དགོས་ཚུལ་བཤད་པ་མ་ཟད། དེ་ནས་བཟུང་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ནས་ཨ་རིའི་ལག་རྩེད་སྤོ་ལོའི་རྩེད་མོ་སྟོན་མཚམས་ཀྱང་བཞག་ཡོད།

ད་ཐེངས་ཀྱི་ཁྲིམས་འཆར་གསར་པ་འདི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ནང་། “རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་ཀྱི་དོན་རྐྱེན་དེ་ནི། ཨ་རིའི་ལས་མི་དང་ཨ་རིའི་ཚོགས་པ་ལ་འཇིགས་སྐུལ་གྱིས་ཁ་འགོག་ཐབས་དང་ཞིབ་བཤེར་སྟངས་འཛིན་བྱས་པའི་གཏམ་རྒྱུད་མང་པོའི་ཁྲོད་ནས་གཅིག་ཙམ་རེད་”ཅེས་འཁོད་ཡོད་པའི་ཐོག ཁྲིམས་འཆར་འདོན་མཁན་གཙོ་བོ་གཅིག་སྟེ། གྲོས་ཚོགས་འཐུས་མི་ཇམ་སི-བྷན་ཁི་(Jim Banks)ཡིས “ཁྱོད་རང་ཨ་རི་བ་ཡིན་པའམ་ཡང་ན་ཨ་རིའི་ས་ཐོག་ཏུ་ཡོད་ན། ཁྱོད་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་དགོས། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཏུ་ཞིབ་བཤེར་སྟངས་འཛིན་བྱེད་རྒྱུར་འབད་བརྩོན་བྱེད་དུས། ཨ་རིའི་གྲོས་ཚོགས་ཁ་རོག་འདུག་རྒྱུ་མ་རེད་”ཅེས་བརྗོད་ཡོད་འདུག 

དེ་མིན་ད་དུང་གྲོས་ཚོགས་འཐུས་མི་ཋོམ-མེ་ལན་སི་ཁི་(Tom Malinowsk)ཡིས་བརྗོད་དོན། “རྒྱ་ནག་ལྟ་བུའི་སྒེར་གཅོད་བ་ཚོས་དཔལ་འབྱོར་གྱི་དབང་ཤུགས་བཀོལ་ནས་སོ་སོའི་རྒྱལ་མཚམས་ཀྱི་ཕྱི་ལ་ཞིབ་བཤེར་སྟངས་འཛིན་བྱེད་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། ཁྲིམས་འཆར་འདིས་ཨ་རིའི་བཟོ་ཚོང་ཁང་གཅིག་གིས་ཀྱང་ཁོ་ཚོའི་དགོས་འདུན་ལ་སྟུན་མི་ཐུབ་པ་བཟོ་ངེས་རེད།”

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༢༠ ཀློག་གྲངས།