འགན་ཁུར་ལས་གོ་གནས་ཤིག་མིན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༠  ཕྱི་ལོ་ ༢༠༢༠/༠༢/༡༢

ལོ་རྗེས་མའི་ནང་ད་ལྟའི་སྲིད་སྐྱོང་ལས་ཐོག་པའི་དུས་ཡུན་ཚང་ནས་སྲིད་སྐྱོང་གསར་པ་འོས་འདེམས་བྱེད་དགོས་པ་དང་། སྲིད་སྐྱོང་གི་འོས་བསྡུའི་ལས་དོན་ནང་རྩོད་རྙོག་དང་གྲུབ་འབྲས་ག་འདྲ་ཞིག་ཡོང་གི་ཡོད་མེད་ཐོག ད་ལྟ་ནས་སེམས་ཁྲལ་བྱེད་མཁན་མང་པོ་ཡོང་གི་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་འོས་བསྡུའི་ཐད་འགྲན་རྩོད་ཀྱི་རྣམ་པ་ལྟ་བུ་ཞིག་ཡོད་ནའང་། དོན་དངོས་སུ་བསམ་བློ་བཏང་ན། རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་གྱི་འོས་བསྡུ་སོགས་དང་གཏན་ནས་མི་འདྲ་བར། བཙན་བྱོལ་བོད་པའི་སྲིད་སྐྱོང་ནི་བོད་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་སོགས་ཀྱི་ཆེད་དུ་ལས་འགན་ཆེན་པོ་ཞིག་ཡིན་པ་ལས། གོ་གནས་སམ་དབང་ཚད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ན་འོས་ཤིང་འཚམས་པ་ཞིག་ཏུ་གཏན་ནས་གྱུར་མེད། ལྷག་པར་དུ་མ་འོངས་པའི་ལོ་ལྔ་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གལ་གནད་ཆེན་པོ་ཡིན་པ་དང་། ༧གོང་ས་མཆོག་གི་དགུང་ནའི་བབས་ཀྱི་ཆ་ནས་ཀྱང་ཛ་དྲག་གི་དུས་ཚོད་ཅིག་ཏུ་ངོས་འཛིན་བྱེད་དགོས། 

མ་འོངས་པའི་སྲིད་སྐྱོང་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་འགན་ཁུར་ཐུབ་མཁན་དང་། བོད་མིའི་སྤྱི་ཚོགས་ཆུང་ངུ་འདི་ཁ་འཐོར་དུ་མི་འགྲོ་བར་སྣེ་ཁྲིད་ཐུབ་མཁན་ཞིག་བྱུང་ན། ཕོ་མོ་དང་སེར་སྐྱ་གང་ཡིན་ཡང་ཁྱད་པར་གཏན་ནས་མེད། སྤྱི་ཚོགས་ཆུང་ངུ་འདིར་འཐེན་འཁྱེར་གྱི་རྣམ་པ་མུ་མཐུད་དུ་ལྷགས་པ་ཡིན་ན་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཉེན་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། དོན་གནད་འདི་ནི་མི་ཚང་མས་བསམ་བློ་ཆེན་པོ་གཏོང་དགོས་པ་ཞིག་ཡིན། ཕྱོགས་གཅིག་ནས་ད་ལྟའི་དུས་འདིར་བོད་མི་མང་པོ་ཞིག་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་རང་མགོ་གང་ཐོན་གྱིས་ཁ་འཐོར་དུ་འགྱུར་བཞིན་པའི་སྐབས་ཤིག་ཡིན་པ་དང་། རྒྱ་དམར་གཞུང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་མི་དང་དངུལ་དངོས་བེད་སྤྱད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཁ་འཐོར་དུ་གཏོང་ཐབས་བྱེད་བཞིན་པའི་དུས་སྐབས་ཤིག་ཏུ་ཁེལ་ཡོད་པས། སྲིད་སྐྱོང་འོས་འདེམས་བྱེད་ཕྱོགས་ལ་བཙན་བྱོལ་བོད་མི་འོས་འདེམས་ཀྱི་ཐོབ་ཐང་ཡོད་མཁན་ཚང་མས་ཕྱོགས་གང་ཐད་ནས་བསམ་བློ་གཏོང་དགོས་པ་ཞིག་རེད།

ད་དུང་མ་འོངས་པའི་སྲིད་སྐྱོང་ནི་རང་ཉིད་ཀྱི་ངོས་ནས་ངས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གྱི་འགན་ཁུར་དང་སྣེ་ཁྲིད་བྱེད་ཀྱི་ཡིན། ང་ལ་འཆར་གཞི་འདི་དང་འདི་ཡོད། ང་ལ་རྒྱབ་སྐྱོར་གནང་རོགས་གྱིས་ཞེས་སྤྱི་ཚོགས་ནང་ཐོན་ཐུབ་མཁན་ཞིག་དགོས་པ་ལས། ང་ལ་བྱེད་འདོད་མེད་ཀྱང་། མི་མང་དང་གནད་ཡོད་མི་སྣ་རྣམས་ཀྱི་ངོ་མ་བཟློག་ཙམ་དུ་སྲིད་སྐྱོང་གིས་འོས་གཞིར་ལངས་པ་ཡིན་ཞེས། མི་མང་གི་འོས་ཤོག་ལ་འོས་མི་རང་ཉིད་ཀྱི་ངོ་སོ་དང་རིན་ཐང་། ལྗིད་ཁོག་སོགས་གང་ཡང་མེད་པར། མི་མང་གིས་འོས་གཞི་གང་ཞིག་ལ་འོས་ཤོག་ཀྱང་འཕངས། ངོ་སོ་ཡང་མི་མང་གི་ངོས་ནས་འོས་གཞི་ལ་ཁུར་དགོས་ན། མ་འོངས་པར་ལས་དོན་མ་བྱུང་བའི་སྐབས་ཀྱང་འགན་མི་མང་ལ་གཡོགས་པ་ལས། སྲིད་སྐྱོང་ལ་འགན་ཁུར་གང་ཡང་མེད་པའི་གནས་ཚུལ་བརྗོད་མཁན་ཡོང་ངེས་ཡིན་པས། མ་འོངས་པར་གནད་དོན་འདི་འདྲའི་རིགས་ལ་རྒྱ་ཆེའི་མི་མང་གི་ངོས་ནས་བསམ་ཞིབ་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་ལས། སྣང་མེད་བྱེད་འོས་པ་ཞིག་གཏན་ནས་མིན་སྙམ། 

འདས་པའི་ལོ་རྒྱུས་ནང་དུའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་ལྟ་བུ་དངོས་སུ་འཕྲད་མྱོང་ལ། མ་འོངས་པར་ཡང་འཕྲད་མི་སྲིད་པའི་གནས་སྟངས་ཤིག་གང་ཡང་མིན། དེར་བརྟེན་འགན་ཁུར་འདོད་མེད་མཁན་ཞིག་ལ་འབྲེལ་ཡོད་ཚོས་ཨུ་ཚུགས་ཀྱིས་འོས་གཞིར་ལངས་བཅུག་པ་དང་། མི་མང་སྐུལ་སློང་གིས་འོས་བླུགས་ནས་མི་དེ་ལྟ་བུར་འགན་བསྐུར་ནའང་ལས་དོན་ལ་གྲུབ་འབྲས་ཐོན་མི་ཐུབ་པ་མ་ཟད། འབྲེལ་ཡོད་ཀྱི་མི་རེ་ཟུང་ལ་ཁེ་ཕན་ཆུང་ཙག་རེ་ཡོད་སྲིད་པ་ལས། རྩ་དོན་འཐབ་རྩོད་དང་སྒྲིག་འཛུགས་སྲ་བརྟན་སོགས་གང་ཐད་ནས་ཕན་ཐོགས་མེད་པས། མང་གཙོའི་འོས་བསྡུའི་ནང་མི་མང་གི་ལྗིད་ཁོག་དང་རིན་ཐང་མ་བརླགས་པར། འོས་གཞིའི་དུས་སྐབས་ཙམ་མ་ཡིན་པར་དངོས་སུ་འགན་ཁུར་སྐབས་སུ་ཡང་མི་མང་ལ་འགན་ཁུར་དགོས་པ་དང་། མི་མང་གི་འདོད་མོས་གཞི་རྩར་འཛིན་ཐུབ་མཁན་ཞིག་མིན་ན། མང་གཙོའི་རིན་ཐང་དང་ལྗིད་ཁོག་སོགས་ཕྱོགས་གང་ཐད་ནས་ནུས་པ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་ཡིན་པས། མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་གནད་དོན་འདི་གལ་ཆེན་པོར་གྱུར་ཡོད། 

མདོར་ན་གོང་དུ་བརྗོད་པ་བཞིན། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་སྐྱོང་དང་། བཀའ་བློན། ཁྲིམས་ཞིབ་པ་དང་། སྤྱི་འཐུས་སོགས་གང་ཡིན་ཡང་འགན་ཁུར་རམ་ལས་ཀ་ཞིག་ཡིན་པ་ལས། གོ་གནས་སམ་དབང་ཆ་ཆེན་པོ་ཞིག་མ་ཡིན་པར་ལས་སྣེ་རྣམ་པ་དང་། མི་མང་གི་ངོས་ནས་ངོས་འཛིན་གསལ་པོ་བྱེད་དགོས་པ་ལས། དབང་ཆའམ་གོ་གནས་ཤིག་ཏུ་ངོས་འཛིན་བྱས་ན་དེ་ལ་བརྟེན་ནས་དབང་ཆའི་འཐབ་རྩོད་དང་། རྩོད་རྙོག་སོགས་ཀྱང་ཡོང་གི་ཡོད་ལ། ལས་དོན་དངོས་ཀྱི་ཐོག་ལའང་ནུས་པ་ཐོན་པར་འགལ་རྐྱེན་ཆེན་པོ་ཡོད། དོན་གྱིས་གོ་གནས་སམ་དབང་ཆ་ཞིག་མིན་པ་དེ་གསལ་པོ་ངོས་འཛིན་ཐུབ་ན། ནུས་པ་གང་ཡོད་པ་དེ་ལས་དོན་གྱི་ཐོག་ཏུ་གཏོང་བ་ལས་དབང་ཆའི་འཐབ་རྩོད་ཆེད་གཏོང་དགོས་དོན་མེད་ལ། མི་མང་གི་ངོས་ནས་ཀྱང་ལས་དོན་ལ་གྲུབ་འབྲས་ཐོན་ཐུབ་མཁན་ཞིག་འདེམས་པ་ལས། ང་དང་ངའི་འབྲེལ་ཡོད་ཅེས་དབང་ཆའི་ཐོག་ནས་བསམ་བློ་གཏོང་དགོས་དོན་གཏན་ནས་མེད། ལས་སྣེ་བ་དང་མི་མང་གི་ངོས་ནས་གནད་དོན་དེར་ངོས་འཛིན་ཐུབ་དགོས་པ་ནི་འགག་རྩ་ཞིག་ཏུ་གྱུར་ཡོད།།

Share this:
༧༥༩ ཀློག་གྲངས།