༸གོང་མ་ཁྲི་འཛིན་རིན་པོ་ཆེ་སྦན་ད་ར་ལ་ཆིབས་བསྒྱུར་གནང་།

ཟླ་འདིའི་ཚེས་༡༣ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་ཆིབས་བསྒྱུར་གནང་བ་དང་། ས་གནས་འགོ་འཛིན་གཙོས་པའི་ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་དང་། ས་གནས་ཀྱི་ལས་སྣེ་རྣམ་པ་རྒྱ་གར་གྱི་གནད་ཡོད་མི་སྣ། གཞིས་ཆགས་ཀྱི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་ཟབ་རྒྱས་ཏེ། གཞིས་དགོན་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་ཡོད།

འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ༸གོང་མ་ཁྲི་འཛིན་རིན་པོ་ཆེས་ཉིན་གསུམ་གྱི་རིང་མཛད་རིམ་ཁག་བསྐྱངས་ཡོད་པ་དང་། དེ་ཡང་ཕྱི་ཚེས་༡༤ ནས་༡༦ བར་ཉིན་གསུམ་གྱི་རིང་སྦྱིན་སྲེག་དང་། སྤྱན་རས་གཟིགས་དང་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་། ནང་ཆོས་ངོ་སྤྲོད། སྔ་འགྱུར་སྒྲུབ་རྒྱུད་ཆོས་འཕེལ་གླིང་དགོན་པ་དང་སློབ་གྲྭ གངས་ལྗོངས་ནོར་འབྲས་བཟོ་གྲྭ རྒན་གསོ་ཁང་། སྨན་ཁང་། གྷོ་ཊན་གྷའུ་ཆུ་མཛོད། གཞིས་གྲོང་སོ་སོར་བཅས་ལ་གཟིགས་སྐོར་དང་ཐུགས་སྨོན་རབ་གནས་མཛད། ཕྱི་ཚེས་༡༦ སྔ་དྲོ་མི་མང་ལ་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་བསྩལ་བ་དང་། བཀའ་སློབ་ཕེབས་གསལ། ཚེ་དབང་ཞུ་རྒྱུའི་དགོས་པ་དེ་ཚེ་རིང་པོ་ཡོང་ཡའི་ཆེད་རེད། ཚེ་རིང་པོ་ཡོང་ན་དགེ་བ་སྒྲུབ་རྒྱུའི་དུས་ཚོད་མང་བ་འཐོབ་ཆེད་རེད། ང་རང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད་པས་ཆོས་སྒྲུབ་རྒྱུ་དེ་ཚེ་འདིའི་ཆེད་ཙམ་མ་རེད། ནང་པ་སངས་རྒྱས་པའི་ཆོས་དེ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་གཞིར་བཞག་ནས་གསུངས་པ་ཞིག་རེད། ལས་རྒྱུ་འབྲས་ཀྱི་རྣམ་བཞག་ཡང་གཙོ་བོ་སྐྱེ་བ་སྔ་ཕྱིར་ཐུག་ཡོད་རེད། དེ་འདྲ་ཡིན་པས་སྐྱེ་བ་སྔ་ཕྱིར་ཡིད་ཆེས་དང་རྩི་མཐོང་བྱེད་དགོས་རེད་ཅེས་དང་། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་ཡོད་པས་ཆང་རག་དང་མ་བྱིན་ལེན་པ་སོགས་བསླབ་པའི་གནས་ལྔའི་བསྲུང་བྱ་ཚུལ་བཞིན་སྲུང་དགོས་པའི་ངོ་སྤྲོད་ཞིབ་ཕྲ་མཛད་རྗེས། ཚང་མས་བོད་མིའི་ནང་ཁུལ་ཡིན་ནའང་འདྲ། ཡུལ་མི་ཡིན་ནའང་རེད། ལུང་པ་གང་འདྲ་ཞིག་ལ་འགྲོ་ན་རེད། མཐུན་ལམ་ཡག་པོ་གནང་དགོས་ཡ་དེ་གལ་ཆེ་རེད་ཅེས་དང་། ཆོས་འབྲེལ་བྱེད་པའི་དགེ་བའི་རྩ་བ་འདིས་མཐུ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཐུགས་སྨོན་མཛད་ཅིང་། མཇུག་ཏུ་ནད་ཡམས་ཞི་ཆེད་ས་སྐྱའི་ནད་གྲོལ་གྱི་ལྗགས་ལུང་དང་༸གོང་མ་ཁྲི་ཆེན་རིན་པོ་ཆེས་སྒྲུབ་མཛད་པའི་རི་ཁྲོད་ལོ་མ་གྱོན་མའི་འཁྲུས་ཆུ་བཅས་གནང་རྗེས་ས་གནས་ཆོོལ་གསུམ་ཟློས་གར་དང་། ཉིན་སློབ་བཅས་ནས་རིག་གཞུང་འཁྲབ་སྟོན་གནང་ནས་མཛད་རིམ་ཁག་གྲུབ་ཡོད་པ་རེད། ཕྱི་དྲོ་ཚོུད་༤ ཐོག་ནག་པུར་རྒྱ་གར་ནང་པ་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་བསྐྱངས་པ་དང་། ཕྱི་ཚེས་༡༧ ཉིན་མཁའ་ལམ་བརྒྱུད་ཕྱིར་བཞུགས་གནས་ལ་ཞབས་སོར་འཁོད་རྒྱུ་རེད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༩༤ ཀློག་གྲངས།