ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་རྒྱལ་སྤྱིའི་ལྷན་ཚོགས།

ཟླ་འདིའི་ཚེས་ ༡༢ ནས་ ༡༤ བཅས་ཉིན་གྲངས་གསུམ་རིང་། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༧གོང་ས་མཆོག་དང་ཨུ་རུའི་སུའི་སྲིད་འཛིན་ཟུར་པ་སྐུ་ཞབས་མི་ཁལ་གྷོར་བྷ་ཆོབ་མཆོག ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག  ལེག་ཝ་ལེ་ས་མཆོག  མོ་ཧ་མཌ་ཨེལ་བྷ་ར་ཌི་མཆོག བྱང་ཕྱོགས་ཨ་ཡིར་ལེན་གྱི་ལྕམ་སྐུ་མ་གྷུ་རེ་མཆོག ཨི་རན་ནས་ཤེ་རིན་ཨི་བྷར་ཌི་མཆོག  འཛམ་གླིང་ནང་ས་འོག་འབར་རྫས་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཨ་རི་ནས་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་མཆོག་བཅས་དང་། གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་དང་། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཚོགས་པ། རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཚོགས། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་གནང་མཁན་རྒྱལ་སྤྱིའི་དངོས་ཁམས་རིག་པའི་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལསྤྱིའི་ཞི་བདེའི་ལྷན་ཁང་། ཨ་རིའི་མཛའ་གྲོགས་ལྷན་ཚོགས་ཀྱི་དབུ་ཁྲིད་བཅས་ལྷན་ཚོགས་དེར་མཉམ་ཞུགས་གནང་གཏན་ཁེལ་ཡོད་འདུག

ད་ཐེངས་ཀྱི་ཞི་བདེའི་ལྷན་ཚོགས་བསྐོང་འཚོག་གནང་ས་དེ། སྔོན་དུས་དམག་ཆེན་གཉིས་པའི་སྐབས་ཨ་རིས་དུག་ལྡན་འབར་རྫས་གཡུགས་ཡུལ་དང། དམག་འཁྲུག་ལོ་རྒྱུས་ནང་མི་དང་ཁོར་ཡུག་གཉིས་ཀར་གྱོང་གུད་ཆེ་ཤོས་ཕོག་ཡུལ་ཆགས་ཡོད་པ་དང། ལྷན་ཚོགས་ཀྱི་མཛད་སྒོ་དབུ་འཛུགས་ཐོག་ས་གནས་དེའི་སྤྱི་ཁྱབ་པས་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ནས་༧གོང་ས་མཆོག་གིས་སྐར་མ་ ༡༠ ཙམ་རིང་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་རྒྱུ་ཡིན་པ་དང།  དེ་བཞིན་ཚོགས་བཅར་བ་ཚོས། གྲོང་ཁྱེར་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ནང་རྡུལ་ཕྲན་མཚོན་ཆའི་འོག་རྐྱེན་འདས་སུ་གྱུར་བའི་མི་མང་ཚོ་རྗེས་དྲན་གྱི་བསྔོ་སྨོན་སོགས་གནང་འཆར་ཡོད་པ་རེད།།

Share this:
༣༧ ཀློག་གྲངས།