ཨ་རིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ལ་ཁྲིམས་གསར་པ་ལག་བསྟར་བྱེད་རྒྱུ་རེད་འདུག 

ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྣམས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་གྱིས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་རྣམས་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག 

ཟླ་༢ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་མང་རིང་ཨ་རིའི་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ལས་ཁང་ཚོས། གསར་འགོད་ལས་རིགས་ལ་འཇུག་གི་ཡོད་པའི་ངོ་བོའི་ཐོག་ནས་ཕྱིན་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་འཇམ་པོའི་ནུས་སྟོབས་དང་། གསང་བའི་ལས་དོན་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་མང་པོ་ཐོན་བཞིན་པའི་སྐབས་དེར། ཨ་རིའི་གཞུང་གིས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་༥ ཡི་ལས་ཁང་རྣམས། རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ལ་ངོས་འཛིན་བྱེད་རྒྱུ་ཡིན་པས། ལས་ཁང་དེ་ཚོར་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཀྱི་ལས་བྱེད་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག དེ་ཡང་དཔྱད་བརྗོད་པ་ཁག་ཅིག་གིས་ཐག་གཅོད་དེ་ནི་ཨ་རིའི་ནང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་འགུལ་གྱི་ཤུགས་རྐྱེན་ཆུང་དུ་གཏོང་བའམ་འགོག་ཐབས་བྱེད་པ་ཡིན་སྐོར་བརྗོད་འདུག 

ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་མཐོ་རིམ་ལས་བྱེད་གཉིས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་གི་བརྒྱུད་ལམ་ཚོར་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། དེའི་ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་བརྒྱུད་ལམ་ཚོ་བཀོལ་སྤྱོད་བྱས་ཏེ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་ཡོད་པས། བརྒྱུད་ལམ་ཁག་དེ་ཚོའི་གནས་ཚུལ་དང་རྩོམ་སྒྲིག་པའི་གཏམ་སོགས་ནང་དུ་ཞི་ཅིན་ཕིང་སྲིད་འཛིན་ཆགས་པའི་དུས་ཡུན་རིང་སྟངས་འཛིན་ཤུགས་ཆེ་རུ་སོང་ཡོད་པ་དང་། བརྒྱུད་ལམ་དེ་ཚོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་གྱི་ཡན་ལག་ཡིན་རྐྱེན། ཁྲིམས་གསར་པ་ལག་བསྟར་བྱེད་རྒྱུའི་ཐག་གཅོད་བྱས་སྐོར་བརྗོད་འདུག 

བརྒྱུད་ལམ་ཁག་ཏུ་ཨ་རིའི་གཞུང་ནང་དུ་ཐག་གཅོད་དེའི་ཐོག་དུས་ཡུན་རིང་པོའི་ཐོག་ནས་བགྲོ་གླེང་བྱེད་བཞིན་ཡོད་པ་དང་། ད་བར་ལག་བསྟར་མ་བྱས་པའི་རྒྱུ་མཚན་ནི་གནད་དོན་དེ་གསར་འགོད་རང་དབང་ཚོད་འཛིན་བྱེད་པ་ཆགས་སྲིད་པའི་ཉེན་ཁ་མཐོང་ནས་ལྷག་པ་ཡིན་སྐོར་བརྗོད་བཞིན་འདུག འོན་ཀྱང་ཨ་རིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཤུགས་རྒྱ་བསྐྱེད་ཀྱི་ཐབས་ལམ་འདྲ་མིན་ཐོག་ནས་འཐབ་རྒོལ་བྱེད་བཞིན་པའི་སྐབས་དེར་ཐག་གཅོད་དེ་བྱས་ཡོད་པ་དང་། དེའི་ཐོག་རྒྱ་ནག་གཞུང་ལ་སྔོན་ཚུད་ནས་ཐག་གཅོད་དེའི་སྐོར་བརྡ་ལན་སྤྲད་མེད་འདུག 

དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ལྔ་པོ་ནི་ཤིན་ཧྭ་གསར་ཁང་(Xinhua News Agency) དང་། རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་(China Global Television Network)། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་(China Radio International)། རྒྱ་ནག་ཉིན་རེའི་གསར་ཁང་(China Daily Distribution Corp)། མི་མང་ཉིན་རེའི་ཚགས་པར་(China Daily Distribution Corp)འགྲེམས་སྤེལ་བྱེད་མཁན་ཧའེ་ཊན་འཛུགས་སྐྲུན་ཚོང་ལས་ཁང་(Hai Tian Development USA, Inc )བཅས་ཡིན་འདུག གསར་ཁང་དེ་དག་གིས་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ལ། ལས་བྱེད་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་དང་། ལས་བགོས་ཐོ་གཞུང་། ལས་བྱེད་གསར་པ་བསྐོ་གཞག་དང་གནས་དབྱུང་གཏོང་བའི་གནས་ཚུལ། ཨ་རིའི་ནང་གསར་ཁང་དེ་དག་ལ་ས་ཁང་དབང་པའམ་གཡར་བ་གང་ཡོད་ཀྱི་གནས་ཚུལ་རྣམས་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་ཁར། ཨ་རིའི་ས་ཁང་གསར་པ་ཉོ་བའམ་གཡར་བའི་སྔོན་ཚུད་དུ་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག 

བརྒྱུད་ལམ་ཁག་གིས་ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱི་མཐོ་རིམ་ལས་བྱེད་གཅིག་ལ་ཐག་གཅོད་དེར་ཕར་རྒོལ་བྱེད་ཆེད་དུ། རྒྱ་ནག་ནང་ལས་ཀ་བྱེད་བཞིན་པའི་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོར་སྟངས་འཛིན་ཤུགས་ཆེ་རུ་འགྲོ་ཉེན་ཡོད་མེད་སྐོར་དྲིས་སྐབས། ཁོང་གིས་རྒྱ་ནག་ནང་དུ་ཡོད་པའི་རྒྱལ་སྤྱིའི་གསར་འགོད་པ་ཚོའི་གསར་འགོད་རང་དབང་ནི་སྔོན་ཚུད་ནས་དམ་དྲག་ཤུགས་ཆེན་འོག་ཡོད་པ་དང་། ཁོ་ཚོ་ལས་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གསར་འགོད་པ་དེ་ཚོར་ལས་དོན་བྱེད་པའི་ཁོར་ཡུག་གུ་ཡངས་བ་ཡོད་སྐོར་བརྗོད་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས་རྒྱུན་རིང་རྒྱ་ནག་གཞུང་གིས་གསར་འགོད་པ་རྣམས་ལ་གསང་མྱུལ་གྱི་ལས་དོན་བྱེད་འཇུག་གི་ཡོད་པ་རེད་དེ། རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པ་རྣམས་ནི་གསར་འགོད་ལས་རིགས་ལ་འཇུག་མཁན་གསར་འགོད་པ་དངོས་གནས་ཡིན་པས། ཁོ་ཚོར་རྒྱ་ནག་གཞུང་གིས་ཕར་རྒོལ་ཆེད་དུ་སྟངས་འཛིན་བྱེད་པའི་ཉེན་ཁ་ཡོད་སྐོར་བརྗོད་བཞིན་འདུག 

ནིའུ་ཡོག་དུས་བབ་སྟེང་དུ་ཨུ་རུ་སུ་གཞུང་གི་ཨ་རིའི་ནང་དྲིལ་བསྒྲགས་ལས་འགུལ་ནི། ཨ་རིའི་གཞུང་དང་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་མེད་པ་བཟོ་ཆེད་ཡིན་ཡང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་འགུལ་གྱི་དམིགས་ཡུལ་ནི། རྒྱ་ནག་གཞུང་གི་ཆེ་མཐོང་སྲུང་སྐྱོབ་དང་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་དང་། ཕྱི་འབྲེལ་ལས་དོན་གྱི་གྲུབ་འབྲས་སོགས་ཕྱིར་བསྒྲགས་བྱེད་ཆེད་ཡིན་སྐོར་བརྗོད་འདུག དེ་བཞིན་དཔྱད་བརྗོད་པ་ཁོངས་སུ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དེ་ཚོས། ཨ་རིའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་དཔང་རྟགས་གང་ཡང་མེད་པས། སྟངས་འཛིན་དེ་འདྲ་བྱེད་པའི་དགོས་པ་མེད་སྐོར་བརྗོད་མཁན་ཡང་འདུག དེ་བཞིན་དཔྱད་བརྗོད་པ་ཁག་ཅིག་གིས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་དེ་ཚོས། རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་གྲངས་ཉུང་མི་རིགས་གཞན་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་དངོས་ཡོད་གནས་ཚུལ་རྣམས་སྦས་ཐབས་བྱེད་ཀྱི་ཡོད་ཀྱི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༩༠༢ ཀློག་གྲངས།