༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་ཐབས་ལམ་ཡག་ཤོས་དང་ལས་སླ་ཤོས་ནི། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་དེ་ཡིན།

༄༅། །བོད་མི་རྒན་གཞོན་བར་གསུམ་གྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་དགའ་པོའི་ངང་སྲུང་བརྩི་ཞུ་རྒྱུའི་བསམ་བློ་དང་མདུན་པ་ཡོད་པ་མ་ཟད་འཆར་གཞིའང་ཡོད་སྲིད། དེའང་༸གོང་ས་མཆོག་གི་དུས་རྒྱུན་དུ་བཀའ་གང་དང་གང་གནང་གི་ཡོད་པ་དང་། ཁོང་གི་དགོངས་པ་གང་དང་གང་ཡིན་པ་ཤེས་པར་བྱས་ནས་ཁོང་གི་བཀའ་དགོངས་དེ་དག་བསྒྲུབ་རྒྱུའི་འབད་བརྩོན་ཧུར་ཐག་བྱས་ན་བཀའ་དྲིན་རྗེས་དྲན་ཡང་དག་པ་ཞིག་ཡིན་པ་ཐེ་ཚོམ་མེད།

དེའང་ང་ཚོ་བོད་མི་ཚང་མ་དང་ལྷག་པར་དུ་མི་རབས་གཞོན་པ་ཚོས་ལོ་གཅིག་མིན་པར་མི་ཚེ་ཧྲིལ་པོ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ལས་སླ་པོའི་ངང་སྲུང་བརྩི་ཞུ་ཐུབ་པ་ཞིག་དང་ཞུ་དགོས་པ་ཞིག་ནི། བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དང་། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ། བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་རྒྱུ་དེ་ཡིན།

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུ་ཡིན་པ་དེ་ལ་རྒྱུ་མཚན་མང་དག་ཡོད་དེ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱས་ན་བོད་གངས་ཅན་ཆོལ་ཁ་གསུམ་གོང་བུ་ཆིག་ཏུ་བསྒྲིལ་ཐུབ་རྒྱུ་དང་བོད་མི་ཡོངས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ནང་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོད་པའི་ནང་དོན་ཕྱུག་པོ་ཡོད་པ་དེ་དག་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

རྒྱུ་མཚན་དེ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་གཅའ་བཞི་པ་རྒྱ་གར་གྱི་གནའ་བོའི་ནང་པའི་རིག་གཞུང་སླར་གསོ་གནང་རྒྱུའི་སྐོར་ཡིན་པ་དང་། དེའང་དགོན་སྡེ་ཁག་ཙམ་མིན་པར་ཤེས་ཡོན་ལྟེ་གནས་གཞན་གྱི་ནང་དུའང་ཤེས་ཡོན་གྱི་སྡེ་ཚན་གྱི་ངོ་བོར་བཞག་ནས་སློབ་གཉེར་བྱེད་རྒྱུ་དེ་ཡིན། རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ནས་ནང་པའི་རིག་གཞུང་ཆ་ཚང་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་ཡོད་སྟབས། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་སྒྲུབ་པར་བོད་མི་ཚོར་འགན་ཁུར་ཆེན་པོ་ཡོད།དེར་བརྟེན་བོད་མི་ཡོངས་ནས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་ཧུར་ཐག་བྱས་ཚེ་རྒྱ་གར་གྱི་གནའ་བོའི་ནང་པའི་རིག་གཞུང་སླར་གསོ་བྱེད་རྒྱུར་ཡང་ཞབས་འདེགས་ཞུ་ཐུབ།

གནའ་བོའི་ནང་པའི་རིག་གཞུང་དེའང་༸གོང་ས་མཆོག་གིས་དུམ་བུ་གསུམ་དུ་དབྱེ་གནང་གི་ཡོད་ཅིང་། ནང་པ་ཡོངས་ནས་དུམ་བུ་གསུམ་ཀ་སློབ་གཉེར་དང་ཉམས་ལེན་བྱེད་ཆོག་ཀྱང་། འཛམ་གླིང་མི་མང་གཞན་ནས་ནང་པའི་ཆོས་ཀྱི་ཆ་ཤས་དེ་མི་དགོས་པར། ནང་པའི་ལྟ་གྲུབ་དང་ནང་པའི་ཚན་རིག་གི་ཆ་ཤས་དེ་དག་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་སྦྱོང་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་གསུང་གི་ཡོད་པ་དེ་སོ་སོའི་རིགས་པའི་ལམ་ནས་བརྟག་དཔྱད་བྱེད་ཐུབ།

གལ་ཏེ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་འདི་ཉིད་བསམ་བློ་དང་ལག་ལེན་གཉིས་ཐད་ནས་བོད་མི་ཚོའི་སྣེ་འཁྲིད་འོག་འཛམ་གླིང་ཡོངས་ནས་དོ་ཁུར་བླངས་ཚེ། ཁོང་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་དེའང་ལྷུན་གྱིས་འགྲུབ་པར་ཞབས་འདེགས་ཧ་ལས་པ་ཞུ་ཐུབ་ངེས་དང་། དེའི་འབྲས་བུར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་སྐོར་ཚང་མས་གསུང་གི་ཡོད་པ་ལྟར་དངོས་སུ་འགྲུབ་ཐུབ་པའི་རེ་བའང་བྱེད་ཐུབ།

དེང་གི་ཆར་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ལས་༸གོང་ས་མཆོག་གིས་གསར་གཏོད་དམ་སྲོལ་གཏོད་གནང་བའི་རིག་པའི་གཞུང་ལུགས་སམ་སློབ་ཚན་གསར་པ་‘ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་’ཅེས་པ་དེ་ཉིད་འཛམ་གླིང་ཡུལ་གྲུ་མང་པོར་དར་ཁྱབ་འགྲོ་བཞིན་པ་དང་། ད་དུང་འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་དུ་སློབ་གྲྭ་ཡོངས་ཀྱི་ནང་སློབ་ཚན་འདི་ཉིད་གལ་ཆེ་དོན་ཆེར་བརྩིས་ནས་འབད་བརྩོན་མུ་མཐུད་བྱས་ཚེ། དེས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་བཏང་བའི་ཐོག་ནས་ཞི་བདེ་ལྷིང་འཇགས་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་བསྐྲུན་རྒྱུ་དེ་ཡིན་པ་བཞིན། དེ་ལྟར་ཡོང་བའི་ཐབས་ལམ་བཟང་ཤོས་ནི། སློབ་ཚན་འདི་ཉིད་སློབ་གཉེར་གྱིས་ལག་ལེན་དུ་འཁེལ་བ་བྱེད་རྒྱུ་དེ་ཡིན། དེས་ཁོང་གི་ཐུགས་བསྐྱེད་དམ་བཅའ་དངོས་སུ་འགྲུབ་པར་བླ་ན་མེད་པའི་ཕན་ཐོགས་ཡོད་པ་མ་ཟད། ད་ལྟ་དང་མ་འོངས་པའི་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དང་བྱམས་བརྩེ་ལྡན་པ་ཡོང་བར་ས་བོན་ཡང་དག་པ་འདེབས་ཐུབ།

གལ་ཏེ་ང་ཚོ་བོད་པའི་སློབ་གྲྭ་དང་བོད་པའི་སྤྱི་ཚོགས་ཡོངས་ནས་འཛམ་གླིང་ཡོངས་ལ་བཟང་སྤྱོད་ཀྱི་མིག་དཔེ་བཟང་པོ་སྟོན་ཐུབ་ཚེ། ༸གོང་ས་མཆོག་གི་འཛམ་བུ་གླིང་ལ་བཟང་སྤྱོད་ཀྱི་བཀའ་སློབ་ལམ་སྟོན་དང་བཟང་སྤྱོད་ཀྱི་སྣེ་འཁྲིད་གནང་གི་ཡོད་པ་དེར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཡང་ཆགས་པ་མ་ཟད། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་དང་མཚུངས་ཀྱི་ཡོད།

དེ་ཡང་ཕྲུ་གུའི་རྒྱུད་ལ་གཞན་ཕན་གྱི་བསམ་བློ་བསྐྲུན་རྒྱུ་དང་། སོ་སོ་རང་ཉིད་གནོད་ཚབས་ཅན་གྱི་སེམས་མྱོང་ནས་རང་དབང་ཐོབ་སྟེ་ལུས་སེམས་ཞི་བདེ་བག་ཕེབས་སུ་བཞག་ཐུབ་པར་བྱས་ནས་ལེགས་ཉེས་དབྱེ་འབྱེད་ཀྱི་བསམ་བློའི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། དེ་བཞིན་ཨ་ཕའི་ཕོར་པར་གཙང་ཞེན་མིན་པར་བོད་ཀྱི་སྐད་ཡིག་གི་རིན་ཐང་ངོ་མ་ཤེས་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་དེའི་ནང་གི་གཏེར་མཛོད་རྣམས་ར་འཕྲོད་ཐུབ་པའི་ཐོག་ནས་མ་བསྐུལ་དང་བླངས་ཀྱིས་རྒྱུན་འཛིན་བྱེད་རྒྱུའི་ནུས་པ་ཤུགས་ཆེ་སྦྱིན་པ་དང་། ནང་པའི་ལྟ་གྲུབ་དང་ཚན་རིག་གི་ནང་དོན་གང་ལེགས་ཤེས་པའི་ཐོག་ནས་དེང་དུས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་རན་པ་དང་ཕན་པའི་བསམ་བློ་དང་ཐབས་བྱུས་གསར་གཏོད་བྱེད་རྒྱུའི་ནུས་པ་ཤུགས་ཆེ་སྦྱིན་ཐུབ།

མདོར་ན། བོད་ཀྱི་སྐད་ཡིག་ཚད་ལྡན་སྦྱངས་ཚེ། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་རྣམས་འགྲུབ་པར་བོད་མི་མི་རེ་ངོ་རེ་ནས་ཞབས་འདེགས་ཞུ་ཐུབ་པ་དང་། དེ་བཞིན་བོད་མི་སྤྱི་སྒེར་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོད་པས། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་འདི་ནས་བཟུང་བོད་མི་ཡོངས་ཀྱིས་༸རྒྱལ་བའི་བཀའ་དྲིན་འཇལ་བར་ཁོང་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་ཕྱུག་པོ་འདི་ཉིད་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་འབད་བརྩོན་གནང་བའི་རེ་སྨོན་ཞུ།

གུས་མོ་བསྟན་འཛིན་པདྨས། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༡ རྒྱལ་སྤྱིའི་ཕ་སྐད་ཉིན་མོར།

Share this:
༥༦༤ ཀློག་གྲངས།