རྒྱ་ཡི་ནད་དུག་དང་བོད་ཀྱི་ཆག་སྒོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༡  ཕྱི་ལོ་ ༢༠༢༠/༠༢/༡༩

རྒྱ་ནག་གི་ཡུལ་དུ་ད་ལྟའི་ཆར་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་ནད་དུག་ཅིག་ལ་བརྟེན་ནས། རྒྱ་ནག་གི་ས་ཁུལ་མང་པོར་འགྲོ་འོང་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་པ་དང་། འཛམ་གླིང་སྤྱི་ཡོངས་ནས་འཛེམ་ཟོན་ཆེན་པོ་བྱེད་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། རྒྱ་ནག་གི་ནད་དུག་དེ་བོད་ལ་དར་ཁྱབ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཁམས་དཀར་མཛེས་ཁུལ་རྟའུ་རྫོང་དུ་ནད་དུག་ཕོག་པའི་ནད་པ་གྲངས་དྲུག་ཅུ་བརྒལ་བ་ཞིག་བྱུང་ཡོད་འདུག རྟའུ་རྫོང་ལ་མཚོན་ན་མི་འབོར་ཁྲི་ལྔ་ལྷག་ལས་མེད་པས་ད་ལྟ་འགོས་ནད་དེ་ཁྱབ་པའི་གྲངས་ཚད་ལ་བལྟས་ན་ཧ་ཅང་སེམས་འཚབ་སྐྱེ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། དེའི་ཐོག་ལ་བོད་ནས་རོགས་སྐྱོར་བྱེད་མཁན་ཅུང་ཙམ་རེ་ཡོང་གི་ཡོད་པ་ལས། བོད་ཕྱི་ནས་གནད་དོན་དེར་དོ་སྣང་གིས་མ་འདེང་བ་ལྟ་བུ་ཞིག་ཏུ་གྱུར་འདུག ན་ཚ་དེ་ཡང་ད་ལྟའི་ཆར་འགོས་ཁྱབ་བྱུང་བའི་མགྱོགས་ཚད་མྱུར་ཞིང་། སྨན་བཅོས་ཀྱི་ཐབས་ལམ་ཡང་མེད་པས། རྟའུ་རྫོང་དང་དེའི་ཉེ་འགྲམ་དུ་ཡོད་པའི་ས་གནས་ཁག་ལ་ན་ཚ་དེ་དར་ཁྱབ་ཆེན་པོ་བྱུང་ན་གོད་ཆག་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། 

བོད་ལ་མཚོན་ན་རྒྱ་ནག་དང་མི་འདྲ་བར་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་དང་། འཕྲོད་བསྟེན་གྱི་སློབ་གསོ་མེད་པ་སོགས་ཛ་དྲག་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་ས་གནས་ཁག་ལ་ཏོག་དབྱིབས་ནད་དུག་འགོས་ཁྱབ་འགྲོ་བཞིན་པར་གདུང་སེམས་མཉམ་བསྐྱེད་བྱེད་མི་འོས་པ་ཞིག་མིན་ལ། བོད་ཀྱི་ས་གནས་ཤིག་ཏུ་ནད་གཞི་དེའི་གནོད་སྐྱོན་ཆེན་པོ་ཕོག་བཞིན་པའི་སྐབས་སུ་དཔལ་འབྱོར་དང་སྨན་བཅོས་ཀྱི་ཐོག་ནས་རོགས་སྐྱོར་དགོས་པ་དང་། དེ་བས་ཀྱང་གལ་ཆེ་བ་ནི་དོ་སྣང་སེམས་ཁུར་བྱེད་དགོས་པ་དེ་རེད། བོད་པ་ཁག་ཅིག་གིས་རྒྱ་ནག་ཏུ་ནད་དུག་ཁྱབ་པར་དགའ་སྣང་སྐྱེ་བ་དང་། ཁག་ཅིག་གིས་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་དང་དུ་བླངས་ནས་རྒྱ་ནག་ཏུ་ནད་དུག་ཁྱབ་པར་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད་པ་མ་ཟད། ཁ་ཤས་ཀྱིས་བོད་ཡུལ་ལས་རྒྱ་ཡུལ་དུ་རོགས་སྐྱོར་ལྡབ་ཧ་ཅང་མང་པོ་བྱེད་བཞིན་འདུག ནང་པ་སངས་རྒྱས་པའི་རྗེས་འཇུག་ཏུ་རློམ་པ་ཞིག་གི་ངོས་ནས་རོགས་སྐྱོར་བྱེད་པ་དེ་མི་འོས་པ་ཞིག་མིན་ལ། བོད་ས་བཙན་འཕྲོག་བྱེད་མཁན་གྱི་དགྲ་བོ་ལ་སྙིང་ཚིམ་དང་ལེ་བརྡ་བྱེད་པའང་མི་འོས་པ་ཞིག་རེད་ཅེས་བརྗོད་དཀའ། 

བདེ་སྡུག་གི་ཚོར་བ་ཆེན་པོ་ཡོད་པའི་བོད་མི་དཀྱུས་མ་ཞིག་ལ་མཚོན་ན། རྒྱ་ནག་ནང་དུ་ནད་དུག་དང་འབྲེལ་བའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་བྱེད་པ་དང་། རྒྱ་གཞུང་སོགས་ལ་སྙིང་ཚིམ་དང་ལེ་བརྡ་སོགས་གང་ཡིན་ཡང་བྱེད་སྲིད་ཀྱང་། བོད་ཀྱི་ས་ཁུལ་ཞིག་ལ་ནད་ཡམས་དེས་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་པར་ཚོར་བ་གཏན་ནས་མེད་པ་ལྟ་བུའི་གནས་ཚུལ་ཞིག་ཡོད་ན། དེ་ནི་རྒྱུན་ལྡན་ཞིག་གཏན་ནས་མིན་པར་སེམས་འཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད། མི་རིགས་ཀྱི་ལར་ཞེན་ཤོད་མཁན་ཞིག་ཡིན་ནའང་འདྲ། མི་རིགས་ཀྱི་ཤ་འཁོན་རྩོད་དགོས་ལབ་མཁན་ཞིག་ཡིན་ནའང་འདྲ། གང་ལྟར་ད་ལྟ་རྟའུ་ཁུལ་གྱིས་མཚོན་བོད་ནང་དུ་ནད་ཡམས་དེ་འགོས་ཁྱབ་འགྲོ་བཞིན་པར་དོ་སྣང་དང་སེམས་ཁུར་ཆེན་པོ་ཞིག་བྱེད་མ་ཐུབ་ན། རྒྱ་ནག་ནང་དུ་རོགས་སྐྱོར་དང་སྙིང་ཚིམ་ག་རེ་བྱས་ཀྱང་དེ་ག་ཙམ་ལས་རིན་ཐང་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་དཀའ། དེར་བརྟེན་བོད་ཕྱི་ནང་གཉིས་ནས་གནད་དོན་འདི་དོན་ཆུང་ཞིག་ཏུ་བརྩིས་ནས་སྣང་མེད་གཏོང་འོས་པ་ཞིག་གཏན་ནས་མིན། 

སྤྱིར་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་དམར་གཞུང་དང་རྒྱ་མི་རིགས་ལ་འཁོན་འཛིན་གྱི་རྣམ་པ་སྟོན་མཁན་དང་། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་སྟོན་མཁན་དག་ལ་མཚོན་ན། རང་ཉིད་ཀྱི་བསམ་བློ་རྣལ་མ་དེ་ཡིན་མིན་ཐག་བཅད་ནས་བཤད་དཀའ་ཞིང་། ཆེད་དུ་དེ་ལྟ་བུའི་རྣམ་འགྱུར་གྱི་ལས་འགུལ་སྤེལ་མཁན་ཡང་མང་པོ་ཡོད་པས། དེ་རེད་དང་འདི་མ་རེད་ཅེས་བཤད་ཤེས་པ་ཞིག་མིན་མོད། བོད་ནང་གི་གནས་སྟངས་སྐོར་ལ་བོད་ཕྱི་ནང་གཉིས་ནས་སེམས་ཁུར་དང་དོ་སྣང་ཆེན་པོ་མ་ཐུབ་ན། གཞན་ད་ལྟའི་ནད་དུག་གམ་ནད་ཡམས་འབྲེལ་བའི་ཐོག་ནས་བསམ་ཚུལ་བརྗོད་པ་དང་། རྣམ་འགྱུར་བསྟན་པ་ཚང་མར་རྒྱུ་མཚན་ཆེན་པོ་མེད་པ་ཞིག་ཏུ་གྱུར་ཡོད། བོད་མི་རིགས་ལ་མཚོན་ན་མི་འབོར་ཉུང་བ་དང་། མཐུན་རྐྱེན་ཞན་པ་སོགས་ཕྱོགས་གང་ཐད་ནས་ད་ལྟའི་ནད་ཡམས་ངན་པ་འདི་ལྟ་བུས་གནོད་ཚབས་གཞན་ལས་ཆེ་བ་ལས་འབྱུང་ངེས་རེད། ཉེ་འགྲམ་དུ་ཡོད་མཁན་ཚོས་དཔལ་འབྱོར་དང་སྨན་བཅོས་ཀྱི་རོགས་སྐྱོར། ཐག་རིང་དུ་ཡོད་པ་དག་གིས་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་འདོན་པ་ཙམ་ལས་མ་བྱུང་ཡང་བྱེད་དགོས་ངེས་རེད།

 མདོར་ན་ནད་དུག་ལ་བརྟེན་ནས་རྒྱལ་ཁབ་མགོ་རྟིང་སློག་པའི་རེ་བ་རྒྱག་པ་དང་། ནད་དུག་ཁྱབ་པའི་གོ་སྐབས་ལ་བརྟེན་ནས་རོགས་སྐྱོར་གྱི་མིང་ཐོག་ནས་བསྟུན་ཐབས་བྱས་ཏེ་རྒྱ་གཞུང་གི་སྤྱན་གསལ་དུ་འགྱུར་ཐབས་བྱེད་མཁན་ཡང་ཡོད་མི་སྲིད་པ་ཞིག་མིན་ཡང་། རེ་བ་དེ་ལྟར་བརྒྱབ་པ་ནི་མ་གཉིད་པར་རྨིས་པའི་རྨི་ལམ་ལྟ་བུ་ལས་གང་ཡང་མིན། ད་ལྟའི་ནད་དུག་འདི་ལ་བརྟེན་ནས་རྒྱ་དམར་གཞུང་མགོ་རྟིང་སློག་ཐུབ་པ་ཞིག་མིན་ལ། གོ་སྐབས་འདི་བརྒྱུད་ནས་རོགས་སྐྱོར་ཅུང་ཙམ་རེ་བྱས་པ་བརྟེན་ནས་དམིགས་བསལ་རྒྱ་དམར་གཞུང་གི་དཔོན་རིགས་ཁག་གི་སྤྱན་གསལ་དུ་འགྱུར་ཐུབ་པ་ཞིག་མིན་མོད། བདེ་སྡུག་གི་ཚོར་བ་ཡོད་པའི་ཆ་ནས་རྒྱ་གཞུང་ལ་དཀའ་ཀངལ་འཕྲད་རྒྱུར་རེ་བ་རྒྱག་འོས་པ་དང་། ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པའི་ཆ་ནས་རྣམ་འགྱུར་དེ་ལྟར་བསྟན་པར་རྒྱུ་མཚན་ཤོད་རྒྱུ་མེད་པ་ཞིག་ཀྱང་མིན་མོད། བོད་ཀྱི་ས་ཁུལ་དུ་ནད་ཡམས་དེ་དར་ཁྱབ་ཆེན་པོ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དེ་ལ་ཕྱོགས་ཡོངས་ནས་འགོག་སྲུང་དང་། རོགས་སྐྱོར་བྱེད་མ་ཐུབ་ན་དེ་ནི་མི་རིགས་ཀྱི་ལར་ཞེན་དང་བསམ་བློ་གཏན་ནས་མེད་པའི་མངོན་རྟགས་སུ་གྱུར་ཡོད།།

Share this:
༧༤༣ ཀློག་གྲངས།