༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་གསར་པ་ཞིག་ཐོན་འདུག

དབྱིན་ཡུལ་གྱི་གསར་འགོད་པ་དང་རྩོམ་པ་པོ་ཞིག་གིས་བྲིས་པའི་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་གསར་པ་ཞིག་ཉེ་ཆར་པར་སྐྲུན་བྱས་འདུག

ཟླ་༢ པའི་ཚེས་༢༥ ཉིན་“ཏཱ་ལའི་བླ་མའི་ཁྱད་དུ་འཕགས་པའི་སྐུ་ཚེ་”ཞེས་པའི་དེབ་པར་སྐྲུན་བྱས་འདུག་པ་དང་། ད་ལྟའི་ཆར་དྲ་ཐོག་ཚོང་ཁང་ཁག་ནས་དེབ་གཟུགས་དང་གློག་དེབ་གང་དགོས་སྔོན་ཚོད་ནས་མངགས་ཉོ་བྱེད་རྒྱུ་འདུག དེབ་འདི་པར་སྐྲུན་བྱེད་མཁན་ནི་(Houghton Mifflin Harcourt)པར་སྐྲུན་ཁང་རེད་འདུག་པ་དང་། འབྲི་མཁན་ནི་དེ་སྔོན་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་དེབ་ཁྱབ་ཆེན་འགྲེམས་སྤེལ་སོང་བ་“བཙན་བྱོལ་ནང་གི་རང་དབང་”ཞེས་པ་༧གོང་ས་མཆོག་དང་ལྷན་དུ་འབྲི་མཁན་ཨེ་ལེག་སེ་ནོར་མན་(Alexander Norman)རེད་འདུག འོན་ཀྱང་ད་ལྟའི་ཆར་རྒྱ་གར་གྱི་ཁྲོམ་རར་དངོས་སུ་ཐོན་མེད་པ་དང་། པར་སྐྲུན་ཁང་ཡང་གཞན་ཞིག་རེད་འདུག

ཚེས་༢༥ ཉིན་ནིའུ་ཡོག་དུས་བབ་སྟེང་དུ་ཏཱ་ལའི་བླ་མ་སུ་རེད་ཅེས་པའི་ཁ་བྱང་ཐོག་ནས། གསར་དུ་ཐོན་པའི་དེབ་འདིའི་དཔྱད་བརྗོད་རྩོམ་ཡིག་གཅིག་སྤེལ་འདུག དེའི་ནང་རྩོམ་པ་པོས་དེབ་འདིའི་མགོ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེ་ལོ་རྒྱུས་ནས་བཙུགས་ཡོད་པ་དེ་ནི་རྣམ་དཔྱོད་ལྡན་པའི་ཐག་གཅོད་གཅིག་ཡིན་པ་དང་། དེ་ཡང་ཁོང་གི་དུས་སྐབས་སུ་གདོང་ལེན་མཛད་དགོས་པའི་དཀའ་ངལ་མང་པོ་ཞིག་༧སྐུ་ཕྲེང་བཅུ་བཞི་པས་ཀྱང་གདོང་ལེན་གནང་དགོས་བྱུང་ཡོད་པ་རེད་ཅེས་དང་། རྩོམ་པ་པོས་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་སྐབས་དང་བཅུ་བཞི་པ་བོད་དུ་བཞུགས་ཡོད་པའི་དུས་སྐབས་རིང་། བོད་ནང་གི་ལྐོག་ཟ་རུལ་སུངས་དང་། བོད་ཀྱི་ཁྲིམས་ཁང་གི་གནས་སྟངས། དེ་བཞིན་བཅོས་སྒྱུར་ལ་འགོག་རྒོལ་ཤུགས་ཆེན་ཡོད་པ་སོགས་ཀྱི་སྐོར་ལ་བྲིས་ནས། བོད་དེ་ཤམ་བྷ་ལའི་ཡུལ་མིན་པ་གསལ་སྟོན་བྱས་ཡོད་སྐོར་འཁོད་འདུག དེ་བཞིན་དེབ་འདིའི་ནང་དོ་རྒྱལ་གྱི་གནས་ཚུལ་སྐོར་ལ་ཡང་བྲིས་ཡོད་པ་རེད་འདུག དེབ་ཀྱི་མཇུག་ཏུ་༧གོང་ས་མཆོག་གི་མཛད་རྗེས་གང་ཡིན་སྔོན་དཔག་དང་། ༧སྐུ་ཕྲེང་བཅོ་ལྔ་པར་འཕྲད་སྲིད་པའི་དཀའ་ངལ་ཐོག་དཔྱད་ཞིབ་ཐོག་ནས་མཇུག་བསྡུས་ཡོད་པ་རེད་འདུག

དེབ་འདི་འབྲི་མཁན་ཨེག་ལེ་སི་ནོར་མན་གྱིས་དེ་སྔོན་ “བཙན་བྱོལ་ནང་གི་རང་དབང་།”དང་དེ་མིན་གྱི་དེབ་ཁག་ཅིག་༧གོང་ས་མཆོག་དང་མཉམ་འབྲེལ་གྱིས་བྲིས་ཡོད་ཁར། “༧ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས” སོགས་དེབ་མང་པོ་ཞིག་བྲིས་འདུག དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ལ་རོགས་རམ་(Help Tibet)ཞེས་པའི་རོགས་ཚོགས་ཀྱི་ཚོགས་གཙོ་ཡང་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༥༣ ཀློག་གྲངས།