ཧོང་ཀོང་ཉེན་རྟོག་པས་མང་གཙོ་དོན་གཉེར་བ་ཚོང་པ་གྲགས་ཅན་ཞིག་འཛིན་བཟུང་བྱས་འདུག

རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་དང་། མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཧོང་ཀོང་གི་ཚོང་པ་གྲགས་ཅན་ཞིག་དང་། མང་གཙོ་ལས་འགུལ་བ་གྲགས་ཅན་གཞན་གཉིས་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

ཟླ་༢ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཧོང་ཀོང་ཉེན་རྟོག་པས་རང་ལོ་༧༡ སོན་པའི་ཧོང་ཀོང་གི་ཚོང་པ་གྲགས་ཅན་ཇཱི་མཱི་ལའི་ལ། ཁྲིམས་འགལ་གྱི་འདུ་འཛོམས་དང་མི་གཞན་ལ་སྡིགས་བསྐུལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག ཁོང་ནི་ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་དང་ཚོང་པ་གྲགས་ཅན་ཞིག་ཡིན་ཁར། རྒྱུན་དུ་ནས་ཧོང་ཀོང་གཞུང་དང་རྒྱ་ནག་གཞུང་ལ་མངོན་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཡིན་འདུག དེ་བཞིན་ཁོང་ནི་མང་གཙོ་དོན་གཉེར་བར་རྒྱབ་སྐྱོར་གྱི་གནས་ཚུལ་ཁྱབ་ཆེན་སྤེལ་མཁན་གྱི་གསར་ཤོག་(Apple Daily)གསར་འཛུགས་བྱེད་མཁན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཡང་ཡིན་འདུག

དེ་ཡང་ལོ་སྔོན་མའི་ཟླ་༨ པའི་ཚེས་༣༡ ཉིན་ཧོང་ཀོང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་ཞིག་ལ་ཉེན་རྟོག་པས་ཆོག་མཆན་སྤྲད་མེད་ཀྱང་། མང་གཙོ་ལས་འགུལ་བ་མང་པོ་ཞིག་གིས་ལས་འགུལ་སྤེལ་ཡོད་འདུག་པས། འཛིན་བཟུང་བྱས་པའི་ཚོང་པ་གྲགས་ཅན་ཇཱི་མཱི་ལའི་དང་། རྒྱ་ནག་ནང་གི་རྒྱལ་ཞེན་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་མཐུན་ཕྱོགས་ཚོགས་པའི་ཚོགས་གཙོ་ཟུར་པ་དང་། ད་ལྟའི་ཆར་ངལ་རྩོལ་སྲིད་དོན་ཚོགས་པའི་ཚོགས་གཞོན་རང་ལོ་༦༣ སོན་པ་ལཱི་ཆུག་ཡན། དེ་བཞིན་གྲོས་ཚོགས་འཐུས་མི་ཟུར་པ་དང་ཧོང་ཀོང་གི་མང་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་ཡུང་སུམ་བཅས་གསུམ་གྱིས། ཉིན་དེར་ཁྲིམས་འགལ་འདུ་འཛོམས་ཀྱིས་ལས་འགུལ་ནང་མཉམ་ཞུགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག

དེ་བཞིན་ཚོང་པ་གྲགས་ཅན་ཇཱི་མཱི་ལའི་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། དེ་སྔོན་ཕྱི་ལོ་༢༠༡༧ ལོར་ཁོང་གིས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གསར་ཁང་ཞིག་གི་གསར་འགོད་པ་གཅིག་ལ་སྡིགས་བསྐུལ་བྱས་པའི་དོགས་གཞི་ཡང་ཡོད་འདུག དེ་སྔོན་ཕྱི་ལོ་༢༠༡༤ ལོར་ཚོང་པ་ཁོང་གིས་མང་གཙོ་ལས་འགུལ་སྤེལ་ཡུལ་གྱི་ས་ཚིགས་ལྟེ་གནས་ཤིག་ནས་ཐོན་རོགས་མ་བྱས་པར་ལས་འགུལ་མུ་མཐུད་སྤེལ་བས་འཛིན་བཟུང་བྱས་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཧོང་ཀོང་མང་གཙོའི་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། ཁོང་གསུམ་གྱི་འཛིན་བཟུང་གནས་ཚུལ་ནི་ཧོང་ཀོང་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་མངོན་གསལ་དོད་པོ་དང་འཛེམས་མེད་ཀྱི་ཆབ་སྲིད་དྲག་གནོན་བྱ་སྤྱོད་གཅིག་ཡིན་པས། ཁོང་གསུམ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

ཧོང་ཀོང་ནང་ཟླ་བ་༧ ལྷག་རིང་མང་གཙོའི་ལས་འགུལ་བསྟུད་མར་སྤེལ་ཡོད་ཀྱང་། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་འགོ་ཁྱབ་ཉེན་ཁ་དང་ཛ་དྲག་གནས་སྟངས་གཙོས་པའི་རྒྱུ་རྐྱེན་གཞན་ལ་བརྟེན་ནས། མང་གཙོ་ལས་འགུལ་ཁྱབ་ཆེན་རིགས་གོ་སྒྲིག་བྱེད་ཀྱི་མེད་པ་དང་བསྟུན། ཧོང་ཀོང་ཉེན་རྟོག་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས། འཁྲུག་ཟིང་འཐབ་རྒོལ་རུ་ཁག་གི་ཉེན་རྟོག་པ་རྣམས་རིམ་པས། རྒྱུན་གཏན་གྱི་ཉེན་རྟོག་པའི་ལས་འགན་ཁོངས་སུ་ལས་བགོས་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག ཚེས་༢༧ ཉིན་ཧོང་ཀོང་གཞུང་གིས་ཉེན་རྟོག་རུ་ཁག་གི་སྔོན་རྩིས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༢༤.༧ སྤོར་ནས་ཧོང་ཀོང་སྒོར་ཐེར་འབུམ་༢༥.༨ ཐོབ་རྒྱུ་ཡིན་པ་དང་། སྔོན་རྩིས་དེ་ལས་མི་མང་སྟངས་འཛིན་གྱི་ལག་ཆ་དང་། ཉེན་རྟོག་པ་གསར་པ་༢༥༤༣ གྱི་གླ་ཆ་སོགས་ཡོད་པའི་གསལ་བསྒྲགས་སྤེལ་རྐྱེན། མང་གཙོ་དོན་གཉེར་བའི་ལས་འགུལ་བ་དང་གྲོས་ཚོགས་འཐུས་མི། སྲིད་དོན་ཚོགས་པ་སོགས་ཀྱིས་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༢༡ ཀློག་གྲངས།