༧རྒྱལ་བ་རིན་པོ་ཆེ་མཆོག་འཛམ་གླིང་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེས་ཤོས་ལྡན་པའི་མི་སྣ་ཨང་དང་པོར་འདེམས་ཐོན་བྱུང་འདུག

སྙན་གྲགས་ཆེ་བའི་དབྱིན་ཇིའི་དུས་དེབ་ཅིག་གིས་ ༢༠༢༠ ལོར་འཛམ་གླིང་དུ་བཟང་པོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མི་སྣ་བརྒྱའི་མིང་ཐོ་བཏོན་པའི་ཁྲོད། ༧རྒྱལ་བ་རིན་པོ་ཆེ་མཆོག་ཨང་དང་པོ་ཆགས་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཙདབྱིན་ཇིའི་རྒྱལ་ས་ལོན་ཏྲོན་དུ་རྟེན་གཞི་བྱས་པའི་དུས་དེབ་གྲགས་ཅན་ཝི་ཊི་ཁིན་སི་(Watkins)ཡིས་ ༢༠༢༠ ལོར་འཚོ་ཞིང་གཞེས་ལ་འཛམ་གླིང་ནང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་། རྩོམ་པ་པོ། འཐབ་རྩོད་པ། བསམ་བློ་བ་སོགས་མི་སྣ་བརྒྱའི་མིང་ཐོ་དངོས་སུ་བསྒྲགས་པའི་ཁྲོད། བོད་ཀྱི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་མཆོག་ཨང་དང་པོར་འདེམས་ཐོན་བྱུང་འདུག

ཝི་ཋི་ཁིན་སི་ནི་ཕྱི་ལོ་ ༡༨༩༧ ལོར་བཙུགས་པའི་དབྱིན་ཇིའི་དཔེ་དེབ་བཟོ་ཚོང་ཁང་ཆེས་རྙིང་ཤོས་ཤིག་ཡིན་ཞིང་། དེས་གཙོ་བོ་ཤར་ཕྱོགས་ཀྱི་ཆོས་ལུགས་དང་། སེམས་ཀྱི་ཉམས་རྟོགས་ལ་དམིགས་ནས་དཔེ་དེབ་པར་སྐྲུན་དང་འདོན་སྤེལ་བྱེད་པ་མ་ཟད། ཕྱི་ལོ་ ༢༠༡༡ ནས་བཟུང་ལོ་ལྟར་འཛམ་གླིང་སྟེང་དུ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མི་སྣ་བརྒྱའི་མིང་ཐོ་དང་། མི་སྣ་དེ་དག་གི་གལ་ཆེའི་ལོ་རྒྱུས་སྙིང་བསྡུས་རེ་འདོན་སྲོལ་ཡོད་འདུག 

འཛམ་གླིང་བཟང་ཕྱོགས་ནས་འགྱུར་བ་གཏོང་མཁན་གྱི་མི་སྣ་བརྒྱའི་མིང་ཐོའི་ནང་ཚུད་པར་ཆ་རྐྱེན་གཙོ་བོ་གསུམ་ཚང་དགོས་འདུག་པ་ལས། དང་པོ། མི་སྣ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡ ཉིན་སྐུ་འཚོ་གཞེས་ཡིན་དགོས་པ་དང་། གཉིས་པ། མི་སྣ་དེས་གོ་ལ་ཡོངས་ལ་ཐུན་མིན་གྱི་བཟང་པོའི་ཤུགས་རྐྱེན་བཞག་པ་དགོས་པ། གསུམ་པ། མི་སྣ་དེའི་ལོ་རྒྱུས་ཝི་ཁིའི་རིག་མཛོད་(Wikipedia)ནང་འཁོད་པ་མ་ཟད། མི་རྣམས་ཀྱིས་གྷོའུ་གྷལ་(Google)བརྒྱུད་དེ་དེའི་སྐོར་ལ་ཡང་ཡང་བཙལ་འཚོལ་དང་། དྲ་ཐོག་ནས་ཚ་ཚ་འུར་འུར་གྱིས་གླེང་སློང་བྱས་པ་ཞིག་ཡིན་དགོས་འདུག མི་སྣ་ཞིག་གི་ལོ་རྒྱུས་དང་གནས་ཚུལ་དྲ་ཐོག་ནས་ཇི་ཙམ་མང་བ་བཙལ་འཚོལ་དང་བགྲོ་གླེང་བྱས་པ་དེའི་ཚོད་ཀྱིས་མི་སྣ་དེ་ལ་སྐར་གྲངས་མཐོ་བ་འབབ་ཀྱི་ཡོད་འདུག ཡིན་ན་ཡང་། མི་སྣ་ཞིག་དྲ་ཐོག་ནས་བཙལ་འཚོལ་དང་གླེང་སློང་ཆེན་པོ་བྱུང་རུང་། དེའི་སྐད་ཆའི་ནང་འཛམ་གླིང་ལ་གནོད་པའི་ཞེ་སྡང་དང་དབྱེ་འབྱེད་ཀྱིས་ཁེངས་ཡོད་ན། ཁོ་ཐོ་གཞུང་ནས་ཕྱིར་འཕུད་གཏོང་གི་ཡོད་འདུག དེའི་རྒྱུ་མཚན་ནི། ཐོ་གཞུང་འདིའི་མཐར་ཐུག་གི་དམིགས་ཡུལ་དེ་ལྟ་འཛམ་བུ་གླིང་དུ་སྐུ་འཚོ་ཞིང་གཞེས་པའི་རླབས་ཆེན་གྱི་མི་སྣ་ཚོའི་ཤུགས་རྐྱེན་བཟང་པོ་ལ་ཡི་རང་བསྔགས་བརྗོད་དང་ཆེ་མཐོང་སྤྲོད་ཆེད་ཡིན་པས་ཆགས་འདུག 

འདི་ལོའི་མིང་ཐོའི་ནང་། ཨང་རིམ་གཉིས་པ་ཡེ་ཤུའི་ཆོས་དཔོན་ཧྥི་རན་སི་མཆོག(Pope Francis)དང་། གསུམ་པ་ཁོར་ཡུག་ལས་འགུལ་བ་ན་ཆུང་བུ་མོ་གྷི་ར་ཋ-ཐན་བྷག་(Greta Thunberg)ཡིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༦༢༨ ཀློག་གྲངས།