བཙན་བྱོལ་དུ་གྱར་ནས་ལོ་རེ་གཅིག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༢  ཕྱི་ལོ་ ༢༠༢༠/༠༣/༠༤

 

བོད་ས་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་འཕྲོག་བྱས་ཤིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་དུ་མ་ཞིག་ཕྱི་ལོ་༡༩༥༩ ལོར་བཙན་བྱོལ་དུ་གྱར་ནས། ད་ལོ་ཕྱི་ལོ་༢༠༢༠ ལོའི་བར་མི་ལོ་༦༡ ཧྲིལ་པོ་འཁོར་སོང་བ་རེད། དུས་ཡུན་དེའི་རིང་ཕྱོགས་གཅིག་ནས་བཤད་ན། ༧གོང་ས་མཆོག་གིས་མཛད་འཕྲིན་དང་མཚན་སྙན་གྲགས། བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོ་བ་རྣམ་པས་གཙོས་གཞུང་སྒེར་གྱི་ཚོགས་སྡེ་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འབད་བརྩོན་དུ་མ་བྱས་པ་ལ་བརྟེན་ནས། ད་ལྟའི་ཆར་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ཅེས་པ་དེ་མི་གོ་མཁན་ཕལ་ཆེར་མེད་པར་གྱུར་ཡོད་པ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པའང་ཕྱོགས་གཅིག་ནས་ཚད་མཐོན་པོར་སླེབས་ཡོད་ཅེས་བརྗོད་ཆོག ཤར་ནུབ་ཀྱི་ཡུལ་གྲུ་དུ་མ་ཞིག་ནས་བོད་བརྒྱུད་ནང་བསྟན་ལ་ཨ་གསར་ལྟ་བུའི་ཐོག་ནས་སྦྱོང་བརྩོན་བྱེད་མཁན་ཡང་མང་དུ་འགྲོ་བཞིན་པའི་རྣམ་པ་ལྟ་བུ་ཞིག་ཡོད། དེ་དག་ནི་བཙན་བྱོལ་ནང་མི་ལོ་དྲུག་ཅུ་ལྷག་སྡོད་དགོས་བྱུང་བ་དང་། དེའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ནི་སྨྲོས་མི་དགོས་པ་རེད།

ད་དུང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དག་གི་ངག་རྒྱུན་དུ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནི། རང་དབང་ལུང་པར་གནས་སྡོད་བྱས་ཡོད་པ་དང་། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་མ་བརྒྱབ་པ་མ་གཏོགས། ཁོར་ཡུག་མེད་པ་ཞིག་གཏན་ནས་མིན་པར་བརྗོད་མཁན་མང་པོ་ཡོད་ཀྱང་། དོན་དངོས་སུ་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་ལ་མཚོན་ན་བོད་མི་རྣམས་ཤར་ཨ་སམ་ནས། ལྷོ་ཀར་ན་ཊ་ཀ ནུབ་ལ་དྭགས་སོགས་རྒྱ་གར་གྱི་ས་ཕྱོགས་གང་སར་བོད་པ་ཁ་འཐོར་ནས་གནས་སྡོད་བྱས་ཡོད་པ་དང་། སྒོ་ཕྱི་ལ་ཐོན་ནས་ཚ་སྤྱི་རྒྱ་(ཀེ་ལོ་)གང་ཉོ་དགོས་ཀྱང་། ཕལ་ཆེར་བོད་སྐད་བཤད་ས་མེད་ཅེས་བརྗོད་ཀྱང་འུར་དུ་མི་འགྱུར་བ་ལྟ་བུ་ཡོད། གོམ་གང་འགྲོ་དགོས་ན་གླ་འཁོར་ཆེ་ཆུང་སོགས་ཚང་མ་བོད་སྐད་བརྒྱབ་ནས་གླ་རྒྱུའི་ཁོར་ཡུག་མེད་པ་ཞིག་ཏུ། བོད་ཀྱི་སྐད་ཡིག་རྒྱུད་འཛིན་གྱི་ཐད་ནས་རང་དབང་ཡོད་པ་ཞིག་ཏུ་གཏན་ནས་གྱུར་མེད་ཀྱང་། ད་བར་བཙན་བྱོལ་ནང་མི་ལོ་དྲུག་ཅུའི་རིང་བོད་པ་རྣམས་ཀྱིས་སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ཁོར་ཡུག་དང་གནས་སྟངས་ཀྱི་ཐོག་ནས་ནུས་པ་ཆེན་པོ་ཐོན་ཡོད།

སྤྱིར་རྒྱ་གར་ལ་མཚོན་ན་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ནའང་། སྐྱབས་བཅོལ་བོད་མི་རྣམས་ཕྱི་རྒྱལ་མི་རིགས་ཀྱི་ངོ་བོར་ལོ་གཅིག་རེའི་མཚམས་སུ་སླར་ཡང་སྡོད་ཆོག་པའི་དུས་འགྱང་བྱེད་དགོས་པ་དང་། རྒྱ་གར་དུ་སྐྱེས་པའམ། རྒྱ་གར་དུ་འབྱོར་ནས་མི་ལོ་ཧྲིལ་པོ་༢༠ སོང་ཟིན་པ་དག་ལ་ལོ་ལྔ་རེའི་མཚམས་བསྐྱར་དུ་སྡོད་ཆོག་པའི་ཆོག་མཆན་ཞུ་དགོས། ཁྲིམས་ལུགས་ཐོག་ནས་ས་གནས་གཞན་དུ་འགྲོ་སྐབས་ཉིན་གྲངས་༡༤ ལས་མང་བ་འགོར་གྱི་ཡོད་ན། རང་ཉིད་སྡོད་གནས་ཀྱི་ཉེན་རྟོག་ས་ཚིགས་ནས་ཐོན་ཆོག་པའི་ཆོག་མཆན་ཞུ་དགོས་པ་དང་། གང་དུ་འབྱོར་བའི་ས་གནས་དེའི་ཉེན་རྟོག་ས་ཚིགས་སུ་འབྱོར་ཡོད་པའི་ཐོ་འགོད་ཞུ་དགོས། ཕྱིར་ཡོང་བའི་སྐབས་ཀྱང་ཐོན་པའི་སྐབས་དང་། སླེབས་པའི་སྐབས་སོ་སོར་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་ཆོག་མཆན་ཞུ་དགོས་པས། རང་དབང་ཆེན་པོ་ཞིག་ཡོད་པའི་ཚོར་སྣང་དེ་རྒྱ་གར་གཞུང་གིས་རང་བཞིན་གྱིས་གུ་ཡངས་བཏང་བསྡད་པ་ཙམ་ལས་ཁྲིམས་ལུགས་ཀྱི་ཐོག་ནས་སྲུང་སྐྱོབ་བམ། ཁྲིམས་ཀྱི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་རང་དབང་ཡོད་པ་ཞིག་མ་རེད།

གང་ལྟར་ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཐོག་ནས་ཁོར་ཡུག་ཡོད་པ་དང་། གོ་སྐབས་ཡོད་པ་ཕལ་ཆེ་བའམ་ཆ་ཚང་དམ་འཛིན་བྱེད་ཐུབ་ཡོད་ལ། མ་འོངས་པར་ཡང་གནད་དོན་འདི་རིགས་ཀྱི་ཐོག་ནས་འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། འོན་ཀྱང་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཁོར་ཡུག་དང་གོ་སྐབས་ཀྱང་དཀོན་པོར་གྱུར་ཡོད་པ་དང་། ཁོར་ཡུག་དང་གོ་སྐབས་ཡོད་པ་དེ་དག་ཀྱང་ཆ་ཚང་དམ་འཛིན་བྱེད་ཐུབ་པ་ཞིག་བྱུང་མེད། སྐབས་རེ་ཆོས་ལུགས་ཀྱི་ནང་དུ་ཆབ་སྲིད་ཀྱི་མཐུད་ཁ་བརྒྱབ། སྐབས་རེ་ཆབ་སྲིད་ཀྱི་ནང་དུ་ཆོས་ལུགས་ཀྱི་ལྷན་པ་བརྒྱབ་ནས་ཡོང་བའི་སྐབས་སུ་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་ཤུགས་རྐྱེན་ངན་པ་ཐེབས་མེད་པ་ཞིག་གཏན་ནས་མིན། དཔེར་ན་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་པའི་སྐབས་སུ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་དབྱངས་སུ་གྱེར་ནས་གོམ་བགྲོད་བྱེད་པ་ལྟ་བུ་ལ་མཚོན་ན། དོན་དངོས་སུ་བྱང་ཆུབ་སེམས་མཆོག་སྐྱེ་བར་འབད་བརྩོན་བྱེད་པ་དང་བོད་དོན་འཐབ་རྩོད་བྱེད་པ་གཉིས་འཕྲལ་ཕུགས་གཉིས་ཐད་ནས་མཚུངས་བསྡུར་བྱེད་མི་འོས།

མདོར་ན་ལོ་འདིར་ཡང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་དུ་འགྲོ་བའི་སྐབས་སུ་གསུམ་བཅུའི་དུས་དྲན་སོགས་སུ་མི་མང་འདུ་འཛོམས་བྱེད་དགོས་མིན་དང་། ངོ་རྒོལ་ལས་འགུལ་སྤེལ་དགོས་མིན་བསམ་བློ་དགོས་པ་ཞིག་ཡིན་མོད། སྐབས་དེར་གལ་སྲིད་མི་མང་འདུ་འཛོམས་བྱེད་པའི་དབང་དུ་བཏང་ན། ཆོས་ཕྱོགས་ཀྱི་བྱེད་སྒོ་འབའ་ཞིག་བྱས་ན་ཆོས་ཕྱོགས་ནས་རྣམ་པ་ཡག་པོ་ཙམ་དུ་འགྱུར་སྲིད་ནའང་། ཆབ་སྲིད་ཀྱི་ཐོག་ནས་གཉེན་ལ་ཁ་གཏད་བཅགས། དགྲ་ལ་སྙིང་རྗེ་སྐྱེ་བའི་ཉན་ལེན་བྱེད་ཐུབ་མཁན་ཞིག་ཕལ་ཆེར་མེད་ལ། སྐྱེ་བའི་དབང་དུ་བཏང་ཡང་། ཆབ་སྲིད་ཀྱི་ཐོག་ནས་ཁེ་ཁ་ཞིག་མ་ཡིན་པར་ཉེན་ཁ་ཞིག་ཏུ་འགྱུར་ངེས་རེད། གནད་དོན་འདི་དག་ལ་བསམ་བློ་བཏང་ན་ཆོས་སྒྲུབ་པའི་སྐབས་ཆབ་སྲིད་དང་འདྲེས་ན་འཇིག་རྟེན་ཆོས་བརྒྱད་དུ་འགྱུར་བ་དང་། ཆབ་སྲིད་བསྒྲུབ་པའི་སྐབས་སུ་ཆོས་ཕྱོགས་ཁོ་ནའི་སློབ་གསོ་ལག་བསྟར་བྱས་ན། ཆབ་སྲིད་ལ་ནུས་པ་གང་ཡང་མེད་པར་མི་མང་པོའི་སེམས་ཤུགས་གཅོག་ངེས་པ་དང་། ཁ་ཤས་ཀྱིས་གོ་སྐབས་དེ་བེད་སྤྱོད་ལོག་པར་ཡང་གཏོང་སྲིད་པས་གནད་དོན་འདི་ལ་ངེས་པར་དུ་གཟབ་དགོས་པར་སྣང་།།

Share this:
༤༣༩ ཀློག་གྲངས།