རྒྱ་གཞུང་གིས་སྔོན་ཚུད་ནས་ཏོག་དབྱིབས་ནད་དུག་སྐོར་དྲ་ཐོག་ནས་ཞིབ་བཤེར་བྱས་པའི་སྙན་ཐོ་ཐོན་འདུག

རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་ཏོག་དབྱིབས་ནད་དུག་གི་ཁྱབ་ཚད་གསལ་བསྒྲགས་མ་བྱས་པའི་སྔོན་དུ། བདུན་ཕྲག་ཁ་ཤས་རིང་ནད་དུག་དེ་དང་འབྲེལ་བའི་གནས་ཚུལ་དང་གྲོས་བསྡུར་རིགས་དྲ་ཐོག་ནས་ཞིབ་བཤེར་སྟངས་འཛིན་བྱས་ཡོད་འདུག་པས། རྒྱུ་མཚན་དེ་ལ་བརྟེན་ནས་མི་མང་ལ་སྔོན་ཚུད་ནས་གཟབ་ནན་བྱེད་ཆེད་ཀྱི་གནས་ཚུལ་ཐོབ་མེད་འདུག

ཟླ་༣ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༣ པའི་ཚེས་༣ ཉིན་ཁེ་ན་ཌར་རྟེན་གཞི་བྱས་པའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་ཞིག་གིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་ཡོངས་གྲགས་སུ་ཏོག་དབྱིབས་ནད་དུག་གི་ཚབས་ཆེན་རང་བཞིན་ཟླ་༡ པོའི་ཚེས་༢༠ བར་ཁས་ལེན་དང་གསལ་བསྒྲགས་བྱས་མེད་ཀྱང་། དྲ་ཐོག་ཏུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་དང་གྲོས་བསྡུར་རིགས་ཞིབ་བཤེར་སྟངས་འཛིན་བྱེད་རྒྱུ་ཟླ་༡༢ པའི་ཚེས་༣༡ ནས་འགོ་བཙུགས་ཟིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་སྨན་པ་དང་མི་མང་༨ ཀྱིས་ནད་དུག་གི་སྐོར་མི་མང་ལ་ཉེན་བརྡ་གཏོང་ཐབས་བྱས་པའི་ཉིན་གཅིག་གི་རྗེས་སུ་ཡིན་འདུག

སྙན་ཐོའི་ནང་རྒྱ་ནག་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་སྐད་འཕྲིན་དང་། བརྙན་ཐུང་ཐད་གཏོང་གི་དྲ་ལམ་(yy)ཞེས་པ་དེ་གཉིས་ཐོག་ཏུ། ལོ་སྔོན་མའི་ཟླ་༡༢ ཀྱི་མཇུག་ནས་འདི་ལོའི་ཟླ་༢ པའི་དཀྱིལ་བར། ནད་དུག་དང་འབྲེལ་བའི་ཐ་སྙད་༥༠༠ ལྷག་ཞིབ་བཤེར་བཀག་འགོག་བྱས་ཡོད་འདུག དེའི་ནང་རྒྱ་ནག་གཞུང་གིས་ནད་དུག་དེ་མི་དང་མིའི་བར་འགོ་ཁྱབ་འགྲོ་རྒྱུ་ཡོད་པ་གསལ་བསྒྲགས་མ་བྱས་པའི་བདུན་ཕྲག་གསུམ་གྱི་སྔོན་དུ། ནད་དུག་དེ་འགོ་ཁྱབ་འགྲོ་རྒྱུ་ཡོད་པ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་དྲ་ཐོག་ནས་ཞིབ་བཤེར་བཀག་འགོག་བྱས་ཡོད་པ་ར་སྤྲོད་བྱུང་འདུག་པས།  ནད་དུག་དེ་ཁྱབ་སྤེལ་འགྲོ་བཞིན་པའི་མགོ་སྟོད་དུ། སྤྱི་ཚོགས་དྲ་ལམ་གྱི་ཚོང་ལས་ཁང་ཁག་ལ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྐོར་ལ་དྲ་ཐོག་ནས་ཞིབ་བཤེར་བཀག་འགོག་བྱེད་དགོས་པའི་གནོན་ཤུགས་སླེབས་ཡོད་པ་གསལ་པོ་ཆགས་ཡོད་སྐོར་བརྗོད་འདུག

སྙན་ཐོ་དེའི་ཞིབ་འཇུག་པ་ཞིག་གིས་རྒྱ་ནག་གཞུང་གི་ཞིབ་བཤེར་བྱེད་ལས་དེས། མི་མང་གི་འཕྲོད་བསྟེན་ལ་གནོད་སྐྱེལ་ཡོད་སྲིད་པ་དང་། མི་མང་ལ་གོ་རྟོགས་ཐོབ་པ་དང་རང་སྲུང་བྱེད་པའི་ལས་དོན་བཀག་འགོག་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་ཁྱབ་ཚད་ངོས་ལེན་བྱས་ཟིན་ནའང་། དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་ཡོང་ཆེད་དུ་དྲ་ཐོག་ཏུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་སོགས་ཀྱི་གླེང་སློང་རིགས་ཞིབ་བཤེར་མུ་མཐུད་བྱེད་བཞིན་ཡོད་འདུག དེ་བཞིན་ཟླ་༢ པའི་ཚེས་༥ ཉིན་རྒྱ་ནག་གི་དྲ་རྒྱ་ཞིབ་བཤེར་སྟངས་འཛིན་གྱི་ལས་ཁུངས་མཐོ་གྲས་རྒྱ་ནག་གི་དྲ་ཐོག་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ནས། དྲ་ཐོག་ཏུ་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནོད་ཚབས་ཅན་དང་ཞེད་སྣང་སློང་བའི་གནས་ཚུལ་སྤེལ་ཚེ་ཉེས་ཆད་གཏོང་རྒྱུ་ཡིན་པ་དང་། སྤྱི་ཚོགས་དྲ་ལམ་དང་མཉེན་ཆས་ཁག་ལ་རྟོག་ཞིབ་ནན་པོ་བྱེད་རྒྱུ་ཡིན་པའི་སྡིགས་བསྐུལ་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་ཚོགས་བརྟན་ལྷིང་དང་བཟང་ཕྱོགས་ཀྱི་ནུས་པ་བསྐྲུན་ཆེད་དུ། དྲ་ཐོག་གི་གྲོས་བསྡུར་རིགས་ཞིབ་བཤེར་སྟངས་འཛིན་ཤུགས་ཆེ་རུ་གཏོང་དགོས་བའི་བཀའ་ཡང་བཏང་ཡོད་འདུག

ཟླ་༣ པའི་ཚེས་༢ བར་དུ་རྒྱལ་སྤྱིའི་རྒྱལ་ཁབ་༦༥ ནང་ཏོག་དབྱིབས་ནད་དུག་གི་ནད་པ་ཐོན་ཡོད་པ་དང་། མི་གྲངས་༨༨,༠༠༠ ལ་འགོས་ཡོད་ཁར། ༣༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལས་ཁང་གིས་ནད་དུག་དེ་རྒྱལ་སྤྱིའི་ཛ་དྲག་གནས་སྟངས་ཤིག་ཏུ་ངོས་འཛིན་གསལ་བསྒྲགས་བྱས་ཟིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༠༧ ཀློག་གྲངས།