བརྩམས་སྒྲུང་གྲགས་ཅན་<<མཚན་མོ>>དང་དེའི་འགྱུར་སྐྱོན་གླེང་བ།

དཀོན་མཆོག་རབ་བརྟན་གྱིས་བརྩམས། 

“གང་ཟག་ལ་མི་རྟོན་ཆོས་ལ་རྟོན།” 

སངས་རྒྱས་ཤཱཀྱ་ཐུབ་པས། 

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཧེ་ཊི་ལཱར་གྱིས་སྣེ་ཁྲིད་པའི་ན་ཙིའི་སྲིད་གཞུང་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩུབ་ཆེན་པོས་ཡ་ཧུ་ད་པའི་མི་རིགས་ཡོངས་སུ་རྩ་མེད་གཏོང་ཐབས་བྱས་ཚུལ་སྐོར་གྱི་བརྩམས་སྒྲུང་གྲགས་ཅན་<<མཚན་མོ>>ཞེས་པ་འདི་དང་ཁོ་བོ་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་ཅེས་ལབ་ན་མི་ཆོག་པ་མེད་དེ། དེ་སྔོན་ཕྱི་ལོ་ ༢༠༡༠ ཡས་མས་སུ་ཁོ་བོ་ཀུན་ཕན་སློབ་གླིང་(ཡོངས་གྲགས་སུ་ཨ་ལོ་སློབ་གྲྭ་ཟེར)དུ་སློབ་གཉེར་བྱེད་སྐབས། Kristin ཞེས་པའི་ཨ་རིའི་དགེ་རྒན་ཤིན་ཏུ་བཟང་པོ་ཞིག་ཡོད་པ་ཁོང་གིས་ང་ཚོ་སློབ་མ་ཚོར་འཛམ་གླིང་གི་བརྩམས་ཆོས་གྲགས་ཆེ་བ་འགའ་(<<The Pearl>> དང་། <<The Kite Runner>> ལྟ་བུ་ཡོད།)དང་ལྷན་དུ་བརྩམས་སྒྲུང་འདི་ཡང་ངོ་སྤྲོད་གནང་ཞིང་། ཁོང་གིས་སྒྱུ་རྩལ་བརྩམས་ཆོས་དེ་དག་སློབ་དེབ་ཀྱི་ཚུལ་དུ་ཁྲིད་ནས་དེ་དག་གི་ནང་དོན་དང་འབྲེལ་བའི་ནང་སྦྱོང་ཡང་སྐུལ་མྱོང་། 

སྐབས་དེ་དུས་ཁོ་བོའི་དབྱིན་ཡིག་གི་ཆུ་ཚད་ཤིན་ཏུ་ཞན་པས། བརྩམས་ཆོས་དེ་དག་གི་གོ་བ་ལོན་དཀའ་ཡང་། དགེ་རྒན་ཁོང་གིས་གོ་དཀའ་བའི་ཚིག་འབྲུ་རེ་རེ་ཟུར་དུ་ཕྱུང་ནས་འགྲེལ་བཤད་དང་། རྟོགས་དཀའ་བའི་གནད་དོན་རེ་རེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཙལ་ནས་སྟོན་པ་སོགས་མཛད་སྟབས། ང་ཚོའི་སློབ་མ་རེ་རེའི་སེམས་སུ་བརྩམས་ཆོས་དེ་དག་གི་བག་ཆགས་ཟབ་མོ་རེ་བཞག  

ཕྱིས་སུ་ཁོ་བོའི་དབྱིན་ཇིའི་ཆུ་ཚད་ལྟོས་བཅས་ཀྱིས་ལེགས་སུ་ཕྱིན་པ་དང་སྦྲགས། ངས་ཁོང་གི་ཁྲིད་པའི་བརྩམས་སྒྲུང་དེ་དག་ལ་བསྐྱར་དུ་ལྟ་ཀློག་ནན་པོ་རེ་བགྱིས་པ་ཡིན། ཡིན་ན་ཡང་། <<མཚན་མོ>>ལ་དེ་ལྟར་བྱེད་མ་ཐུབ་པར་ལྷག དེ་སྔོན་ཁོ་བོ་རྒྱ་གར་གྱི་གྲོང་ཁྱེར་ཆེ་བ་འགའི་དཔེ་ཚོང་ཁང་དུ་འགྲོ་སྐབས། ཆེད་དུ་<<མཚན་མོ>>བཙལ་རུང་མ་རག་པ་དང་། དེ་ནས་རང་ཉིད་ཀྱི་ཁ་པར་བརྒྱུད་དེ་དཔེ་དེབ་གང་འདོད་མངགས་ཉོ་ཐུབ་པའི་དུས་སྐབས་ཤར་རྗེས། བརྩམས་སྒྲུང་དེ་མངགས་དགོས་དྲན་བཞིན་དྲན་བཞིན་དངོས་སུ་ལག་བསྟར་བྱེད་མ་ཐུབ་པར་ལུས།

དེ་ལྟར་ཁོ་བོས་ཡུན་རིང་བསྐྱར་དུ་ཀློག་དགོས་སེམས་བཞིན་སེམས་བཞིན་ལྷག་པའི་བརྩམས་སྒྲུང་དེ་པདྨ་འབུམ་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཟིན་པ་མ་ཟད། ན་ནིང་དངོས་སུ་དྲ་ཐོག་ནས་དབུ་འབྱེད་འགྲེམ་སྤེལ་གནང་སོང་། དོན་དངོས་ཐོག ན་ནིང་ས་རུབ་ཁའི་དགོང་མོ་ཞིག་ལ་ཁོ་བོ་མེག་གྷན་ནས་གངས་སྐྱིད་བར་དུ་གཅིག་པུར་རྐང་ཐང་དུ་འགྲོ་ཞོར་ཞིག་ལ། ཁོང་གིས་“ལ་རྩེ་ཇ་ཁང”ཞེས་པའི་སྐད་འཕྲིན་ཚོགས་པའི་ནང་<<མཚན་མོ>>ཡི་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་ཅུང་རིང་པོ་ཞིག་གནང་སོང་བ་ཆ་ཚང་ཉན་པ་ཡིན། གསུང་བཤད་དེའི་ནང་ཁོང་གིས་<<མཚན་མོ>>དང་། དེའི་རྩོམ་པ་པོ་ཨེ་ལི-ཝི་བཟེལ་ལགས་ངོ་སྤྲོད་ཤིན་ཏུ་ལེགས་པོ་ཞིག་གནང་བའི་ཐོག ཁོང་གིས་དེབ་དེ་ ༡༩༩༥ ལོར་བསྒྱུར་ཟིན་རུང་། པར་དབང་དང་མཐུན་རྐྱེན་མ་འཛོམས་པའི་དབང་གིས་འགྱུར་དེ་ལོ་ངོ་ ༢༤ ཙམ་གྱི་རིང་ལྷག་ཀྱང་། དུས་ཡུན་དེའི་རིང་འགྱུར་དེར་ཡང་སྐྱར་ཞུས་དག་གཏོང་རྒྱུའི་གོ་སྐབས་བྱུང་ཞིང་། ལྷག་པར་དུ་འགྱུར་དེབ་དེ་“འགྱུར་བརྒྱ་རྩ་བརྒྱད”ཀྱི་ལས་གཞིའི་ནང་དུ་བླངས་རྗེས། གོ་རིམ་དང་ལྡན་པའི་ཞུསདག་གི་ལས་རིམ་ཆ་ཚང་བ་ཞིག་བརྒྱུད་རྒྱུ་བྱུང་བ་དེས་འགྱུར་སྤུས་རིམ་པ་གཅིག་བཟང་དུ་ཕྱིན་སྟབས། དེ་ནི་“རྐྱེན་ངན་གྲོགས་ཤར”དུ་གྱུར་བའི་ཚོར་སྣང་བྱུང་བའི་སྐོར་གསུངས་སོང་།

དེ་བས་ཁོ་བོའི་ཀློག་འདུན་དེ་སྔར་བས་ཀྱང་ཤུགས་ཆེ་རུ་གྱུར་བ་དང་། དྲ་ཐོག་ནས་<<མཚན་མོ>>ཡི་དབྱིན་ཇིའི་མ་ཡིག་མངགས་པ་མ་ཟད། གྲོགས་པོ་ཞིག་ལ་པདྨ་འབུམ་ལགས་ཀྱི་འགྱུར་དེ་དེབ་གཟུགས་སུ་བཟོ་བའི་རེ་སྐུལ་ཡང་ཞུས། (ང་རང་འཕྲུལ་དེབ་ཀློག་རྒྱུར་དེ་ཙམ་གོམས་མེད།) ཁོ་བོའི་སེམས་སུ་པདྨ་འབུམ་ལགས་ཀྱི་འགྱུར་དེ་མ་ཡིག་དང་གཤིབ་བསྡུར་གྱིས་བཀླགས་ན་བློ་སྐྱེད་མི་དམན་པ་ཞིག་འཐོབ་ངེས་སྙམ་པའི་རེ་འདུན་གྱིས་ཡོངས་སུ་ཁེངས་པར་གྱུར། 

སྤྱིའི་ཆ་ནས་བཤད་ན། ཁོ་བོས་དེང་སྐབས་ཀྱི་འགྱུར་ལ་དེ་ཙམ་རེ་འདུན་ཆེན་པོ་འཆང་གི་མེད། དེའི་རྒྱུ་མཚན་ལ་པདྨ་འབུམ་ལགས་ཀྱི་ཚིག་བཀོལ་ནས་ཞུས་ན། དེང་སྐབས་བོད་དབྱིན་(ཡང་ན་རྒྱ་ཡིག་)ལ་“བྱང་མ་ཆུབ་པ་ཚོས་ཕོ་ཚོད་ཀྱིས་ཡིག་སྒྱུར་བྱེད་བཞིན་པའི”དུས་ཚོད་ཅིག་ཡིན་ཏེ། བོད་ཕྱི་ནང་གཉིས་ཀར་ཁྲིམས་ཀྱི་ཉེས་ཆད་གཅོད་ཐུབ་མཁན་མེད་ཅིང་། སྐྱོན་མཚང་བྲུས་ནས་ངོ་ཚ་སྟེར་ནུས་མཁན་དཀོན་སྟབས། བོད་ཡིག་མི་ཤེས་མཁན་རྣམས་དང་ཐུག་དུས་བོད་ཡིག་གི་ཤེས་ཚད་མཐོ་མདོག་དང་། དབྱིན་ཡིག་གམ་རྒྱ་ཡིག་ལ་རྨོངས་པ་ཚོར་འཕྲད་སྐབས། དབྱིན་རྒྱའི་མཁྱེན་རྒྱ་ཡངས་ཁུལ་གྱིས་ཡིག་སྒྱུར་བྱེད་མཁན་གྱི་“ལོ་ཙཱ་བ”ཤིན་ཏུ་མང་བའི་དུས་སྐབས་ཁྱད་མཚར་ཞིག་ཡིན། ཐ་ན་ཆུང་ས་ཨ་རིའི་སྲིད་འཛིན་ Trump ཡི་མིང་གཅིག་ལའང་“ལོ་ཙཱ་བ”རེ་རེས་རང་སྣང་གང་འདོད་ཀྱིས་མི་འདྲ་བ་རེ་སྒྱུར་བ་ལས། ཕན་ཚུན་ལྟ་བ་དང་སྟུན་ཐབས་བགྱིས་ཏེ་གཅིག་ཏུ་སྒྱུར་བའི་འདུ་ཤེས་ཀྱང་མེད། 

ཁོ་བོས་དེ་ལྟར་སྔ་མོ་ནས་རེ་འདུན་ཆེན་པོས་<<མཚན་མོ>>ཡི་མ་ཡིག་དང་འགྱུར་གཉིས་ཀ་བླུས་ན་ཡང་། ལས་བྲེལ་གྱི་དབང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡ བར་དུ་ལག་པ་འཆང་མ་ཐུབ་པར་ལྷག་སོང་། དུས་ཡུན་དེའི་རིང་པདྨ་འབུམ་གྱི་འགྱུར་དེ་ཡག་རབས་རྒྱས་རབས་ཀྱི་ཀློག་མཆན་སྤེལ་མཁན་མི་ཉུང་བ་ཞིག་བྱུང་བ་དེས་ཁོ་བོའི་སེམས་ལ་སྔར་བས་ཀྱང་ལྷག་པའི་ཀློག་འདོད་ཀྱི་ཟ་འཕྲུག་ཅིག་ལང་དུ་བཅུག ཡིན་ན་ཡང་། ཟླ་སྔོན་མར་ཁོ་བོས་དངོས་སུ་<<མཚན་མོ>>ཡི་དབྱིན་ཇིའི་མ་ཡིག་ཚར་གཅིག་བཀླགས་རྟིང་། སླར་ཡང་པདྨ་འབུམ་ལགས་ཀྱི་འགྱུར་དང་གཤིབ་བསྡུར་གྱིས་ཞིབ་ཏུ་སྡུར་འགོ་བརྩམས་པ་ན། ད་གཟོད་ངའི་རེ་འདུན་ཆེན་པོ་དེ་བློ་ཕམ་ཆེན་པོ་ཞིག་ཏུ་གྱུར་སོང་། 

དེབ་དེའི་མཇུག་ཏུ་བཀོད་པའི་འགྱུར་བྱང་ནང་། པདྨ་འབུམ་ལགས་ཀྱིས་ཁོང་གིས“བོད་དང་བོད་ཀྱི་རིག་གཞུང་ལ་དགའ་ཞེན་དང་ལྷག་བསམ་ཅན་གྱི་ཨ་རིའི་བུད་མེད་ Sandra Benson གྱི་རོགས་རམ་མེད་པར་ཕོ་ཚོད་ཀྱིས་ཤོག་ངོས་གཅིག་ཀྱང་བསྒྱུར་མེད”པ་དང་། དབྱིན་སྐད་ལ་བྱང་མ་ཆུབ་པ་ཞིག་གིས་རང་ཉིད་གཅིག་པུས་ཕོ་ཚོད་ཀྱིས་བསྒྱུར་བ་དང་བསྡུར་ན། འགྱུར་དེའི་སྤུས་དག་པོ་ཞིག་ཡོང་ཡོད་པ་ལ་ཁོང་གིས་“ཡིད་ཆེས་བྱེད་ཀྱི་ཡོད”པ། དགེ་འདུན་རབ་གསལ་ལགས་ནས་དོགས་གཞི་ཅན་དང་གོ་དོན་གསལ་ཐག་མི་ཆོད་པ་འགའ་ཤས་སྐྱར་དུ་ཞུས་དག་གཏོང་བའི་རེ་སྐུལ་བགྱིས་པ་ལྟར། བོད་རིག་པ་དང་ནུབ་ཕྱོགས་ཀྱི་ཤེས་ཡོན་དང་རྩོམ་རིག་ལ་སྤྱན་དཀྱུས་རིང་བའི་ Kristina Dy-Liacco དང་ཁོང་གཉིས་ཀྱིས་ཡང་སྐྱར་མ་རྩོམ་དང་བསྡུར་ནས་ཞུས་དག་བྱས་པས། འགྱུར་དེ་སྔར་ལས་ཀྱང་ཇེ་དག་ཏུ་ཕྱིན་ཚུལ་བྲིས་འདུག་མོད། འོན་ཀྱང་ཁོ་བོས་འགྱུར་དེ་མ་ཡིག་དང་བསྡུར་ནས་ཤོག་ངོས་ཉེར་གཅིག་(མ་ཡིག་ཡིན།)བར་བཀླགས་རྗེས། པདྨ་འབུམ་ལགས་ཀྱིས་དེབ་དེ་“ཕོ་ཚོད་ཀྱིས”བསྒྱུར་བ་མ་ཟད། “ཕོ་ཚོད་ཀྱིས”གཏམ་ཡང་སྨྲ་བཞིན་པའི་ཚོར་སྣང་སྐྱེས་བྱུང་། རྒྱུ་མཚན་ནི་ཤོག་ངོས་ཉེར་གཅིག་དེའི་ནང་ཀློག་མི་བདེ་བ་དང་ཡིག་ནོར་ཆུང་ཚེག་རྣམས་ཕར་ཕུད་རྗེས། ལོག་འགྱུར་རམ་མ་རྩོམ་གྱི་གོ་བ་མ་ལོན་པར་ཚོད་ཚོད་ཀྱིས་བསྒྱུར་བའི་ནོར་འཁྲུལ་གྱིས་ཁེངས་ནས་གདའ། 

དེ་བས་ཤོག་ངོས་ཉི་ཤུ་ཙམ་ལ་ཐོན་དུས་ཁོ་བོ་ལ་མུ་མཐུད་ཀློག་པའི་སྤྲོ་འདུན་ཡོངས་སུ་བརླགས་པ་དང་། སེམས་སུ་པདྨ་འབུམ་ལགས་ཀྱིས་བསྒྱུར་ཞིང་དགེ་འདུན་རབ་གསལ་སོགས་ཀྱིས་ཞུ་དག་བཏང་བའི་འགྱུར་རྩོམ་འདི་ལའང་སྤུས་ཚད་འདི་ལས་མེད་པ་འདིས་གྲངས་འབོར་ཆེ་ཞིང་སྤུས་ཚད་ཞན་པའི་ད་ལྟའི་བོད་ཀྱི་ལོ་ཙཱའི་གནས་བབ་སྟོན་གྱི་འདུག་ཨང་སྙམ་པའི་ཡིད་ཆད་དང་འཇིགས་སྣང་འདྲེས་པའི་ཚོར་སྣང་ཁྱད་མཚར་ཞིག་སྐྱེས་པ་མ་ཟད། འགྱུར་དེའི་སྐྱོན་དང་ནོར་འཁྲུལ་རྣམས་བཏོན་ནས་དག་བཅོས་བྱེད་ཞིག་མཁན་བྱུང་ན། རྗེས་སུ་“ཕོ་ཚོད་ཀྱིས”སྒྱུར་མཁན་དང་། “ཕོ་ཚོད་ཀྱིས”བསྒྱུར་ནས་“ཕོ་ཚོད་ཀྱིས”གཏམ་སྨྲ་མཁན་ཉུང་དུ་སོང་སྟེ་བོད་ཀྱི་ལོ་ཙཱའམ་ཡིག་སྒྱུར་གྱི་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་ཕན་ཐོགས་ཡོང་ངེས་སྙམ། འོན་ཀྱང་། རང་ཉིད་ལ་དེ་ལྟར་བྱེད་རྒྱུའི་གདེང་སྤོབས་མ་རྙེད། 

ཡིན་ན་ཡང་། བདུན་ཕྲག་གཅིག་ལྷག་གི་གོང་དུ་ཁོ་བོའི་གྲོགས་པོ་ཞིག་གིས་སྐད་འཕྲིན་རྒྱབ་ཏུ་“གྲོགས་པོའི་བོད་འགྱུར་མ་འདི་དག་ཡག་པོ་འདུག”ཅེས་པའི་ངོ་སྤྲོད་ཅིག་དང་ལྷན་དུ། <<ཀོའུ་ཁྲིན་གྱི་སྙན་ངག་བོད་འགྱུར་མ་གསར་ཤོས་དྲུག>>ཅེས་པའི་དྲ་ཐག་ཅིག་བཀོད་འདུག ཁོ་བོས་དྲ་ཐག་དེ་ཁ་ཕྱེ་ནས་བལྟས་པ་དང་ཡིད་ཐང་ཆད་སོང་། སྙན་ངག་དྲུག་པོ་དེའི་མཚན་བྱང་གཅིག་པུར་མཚོན་ན། སྙན་ངག་དང་པོ་དེའི་མཚན་བྱང་ལ་དབྱིན་ཡིག་ཏུ་“A walk in the rain”ཞེས་ཡོད་པ་དེ་ལོ་ཙཱ་བས“ཆར་བ་བགྲོད་པ”ཞེས་བསྒྱུར་འདུག་ལ། དེ་བཞིན་གཉིས་པ་“A Criminal Case”ཞེས་པ་དེ་“ནག་ཉེས”ཞེས་ཕབ་འདུག དེར་ཁོ་བོས་ཀུ་རེ་དང་བདེན་པ་འདྲེས་པའི་སྒོ་ནས་“ནམ་ཞིག་ལ་འཛེམ་བག་མེད་པར་ཧམ་པ་ཁོ་ནས་བསྒྱུར་བའི་རྩོམ་ཡག་པོ་ཆགས་པ་རེད། འདི་དག་མཐོང་དུས་ཚོད་ཚོད་ལ་འགྲེལ་མི་ཤེས་པའི་འཇིགས་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་འོང”ཞེས་པའི་མཆན་ཞིག་སྤེལ་བ་དང་།  སེམས་སུ་འདི་ལྟར་ཧམ་ཤེད་ཀྱིས་སྒྱུར་རྐྱང་དང་གཏོང་རྐྱང་བྱེད་པ་དེས་མ་རྩོམ་དང་དེའི་རྩོམ་པ་པོ། ད་རུང་བོད་ཡིག་ཀློག་པ་པོ་རྣམས་ལ་བརྩི་བཀུར་མ་བྱས་པ་སྟོན་པ་མ་ཟད། བོད་ཀྱི་ལོ་ཙཱའི་ལས་རིགས་ལ་ཕན་པའི་ཚབ་ཏུ་གནོད་པ་འདུག་ཨང་སྙམ་པའི་ཚོར་སྣང་དྲག་པོ་ཞིག་སྐྱེས་སྟབས། ད་ལྟ་བོད་ཀྱི་ལོ་ཙཱའི་འཇིག་རྟེན་ནང་སྐད་གྲགས་ཆོད་བཞིན་པའི་<<མཚན་མོ>>འི་མགོ་ཡི་ཤོག་ངོས་ཉེར་གཅིག་ལས་གང་མཐོང་བའི་ལོག་འགྱུར་རམ་ནོར་འཁྲུལ་ཆེ་བ་རྣམས་རང་གིས་ནུས་ཚོད་ཀྱིས་བཏོན་ནས་འཇོག་ཐུབ་པ་བྱུང་ན། ཕྱིས་སུ་བོད་ཀྱི་ལོ་ཙཱའི་སྤུས་ཚད་ཕྲན་ཙམ་ཡར་རྒྱས་འགྲོ་བའི་རྒྱུ་ཕྲ་མོ་ཙམ་ལ་འགྱུར་སྲིད་སྙམ་པའི་ཀུན་སློང་ཞིག་སྐྱེས། 

གཤམ་དུ་པདྨ་འབུམ་ལགས་ཀྱི་<<མཚན་མོ>>འི་མགོ་ཡི་ཤོག་ངོས་ཉེར་གཅིག་ལས་བཏོན་པའི་འགྱུར་ལོག་ཆེན་པོ་ལྔ་དང་། དེ་དག་གི་དག་བཅོས་རྣམས་ང་ཚོས་མཉམ་དུ་ཐེངས་གཅིག་བལྟ། གཅིག་བྱས་ན། ངས་དག་བཅོས་བཏང་བ་རྣམས་ཀྱི་ནོར་ཡོད་སྲིད། (གཞན་རྣམས་ཟུར་བལྟས་ལེབ་མཐོང་བྱེད་ཐུབ།)

1) མ་རྩོམ་དུ་(ཤོག་ངོས་ ༥) “Because they dwell in the depths of our souls and remain there until we die.”ཞེས་ཡོད་པ་དེ། འགྱུར་ནང་(ཤོག་ངོས་ ༧)“རྒྱུ་མཚན་ནི་དེ་དག་བླ་སྲོག་གི་མཐིལ་ནས་ཡོང་བ་ཡིན་ལ་མ་ཤི་བར་དུ་དེ་རྣམས་གནས”ཞེས་བསྒྱུར་འདུག ཡིན་ན་ཡང་། 

“རྒྱུ་མཚན་ནི་དེ་དག་ང་ཚོའི་བླ་སློག་གི་མཐིལ་དུ་ཡོད་ཅིང་། ང་ཚོ་མ་ཤི་བར་དུ་དེར་(བླ་སློག་གི་མཐིལ་དུ)གནས་ངེས”ཞེས་བསྒྱུར་ན། མ་ཡིག་དང་ཁ་ཐག་ཉེ་བ་ཡོད། 

2.  མ་རྩོམ་དུ་(ཤོག་ངོས་ ༨)“And thus my elders concerned themselves with all manners of things—strategy, diplomacy, politics, and Zionism—but not with their own fate.”ཞེས་ཡོད་པ་དེ། འགྱུར་ནང་(ཤོག་ངོས་ ༡༥)ཡོངས་སུ་གོ་ལོག་སྟེ“དེ་ལས་གཞན་མི་ཚོས་རང་གི་ལས་སྐལ་མ་གཏོགས་ – འཐབ་ཇུས་དང་ཕྱི་འབྲེལ། སྲིད་དོན། ཡེ་ཤུའི་ཆོས་ལུགས་སོགས་ – ཅི་ལ་ཡང་དོ་སྣང་མི་བྱེད”ཅེས་བྲིས་འདུག མ་རྩོམ་གྱི་གོ་བ་དངོས་ནི། “དེ་ལྟར་རྒན་པ་ཚོས་འཐབ་ཇུས་དང་ཕྱི་འབྲེལ། སྲིད་དོན། ཡེ་ཤུའི་ཆོས་ལུགས་ལ་སོགས་པའི་གནད་དོན་གཞན་ཐམས་ཅད་ལ་སེམས་ཁུར་བྱས་པ་ལས། སོ་སོའི་ལས་དབང་ལ་མ་བྱས”ཞེས་པ་དེ་ཡིན། འདིར་ད་དུང་ཤེས་དགོས་པ་གཞན་ཞིག་ཡོད་པ་ནི། དབྱིན་ཡིག་གི་བརྡ་སྤྲོད་དུ་ punctuation ཞེས་པའི་རྟགས་རྣམས་ལ་གོ་བ་དང་བྱེད་ལས་ཤིན་ཏུ་གལ་ཆེན་རེད་ཡོད་ཅིང་། འདིར་སྐབས་སུ་བབ་པའི་dash འམ་རྟགས་—འདིའི་སྐོར་གླེངས་ན། རྟགས་འདི་བེད་སྤྱོད་བྱེད་སྟངས་གཉིས་ཡོད་དེ། དང་པོ་ཚིག་གྲུབ་གཅིག་གི་སྣེ་མོར་ཐེངས་གཅིག་བཀོལ་ནས་དེའི་མཇུག་ཏུ་ཚིག་འབྲུ་རེ་ཟུང་ཞིག་བཞག་ན། ཚིག་འབྲུ་རེ་ཟུང་དེས་གོང་གི་ཚིག་གྲུབ་དེའི་ནང་དོན་སྙིང་བསྡུས་སྟོན་ཐུབ། དཔེར་ན། “Men were shouting, women were screaming, children were crying—it was chaos.” ཞེས་པའི་ཚིག་གྲུབ་འདིར་མཚོན་ན། སྐྱེས་པ་རྣམས་ཀྱིས་སྐད་ཅོར་རྒྱག་པ་དང་། བུད་མེད་ཚོས་ཆོ་ངེ་འདོན་པ། བྱིས་པ་ངུ་བ་བཅས་ཀྱི་མཇུག་ཏུ་རྟགས་ — འདི་བཀོལ་ནས་དེ་དག་ཡོད་ཚད་ཟང་ཟིང་ཡིན་ཞེས་བསྡུས་ཡོད། གཉིས་པ། ཚིག་གྲུབ་གཅིག་གི་དཀྱིལ་དུ་ dash ཐེངས་གཉིས་བཀོལ་བ་ཡིན་ན། དེའི་བྱེད་ལས་ནི་ང་ཚོས་རྒྱུན་དུ་བེད་སྤྱོད་བྱེད་པའི་གུག་རྟགས་དང་ཕལ་ཆེར་མཚུངས་ཏེ། གཙོ་བོ་གང་གླེང་བཞིན་པའི་གནད་དོན་དེ་ཁ་གསལ་པོ་བཟོ་བྱེད་ཡིན། གོང་གི་མ་རྩོམ་གྱི་ཚིག་གྲུབ་དེ་རང་ལ་ཆ་མཚོན་ན། ཚིག་གྲུབ་གཙོ་བོ་ནི་ And thus my elders concerned themselves with all manners of things but not with their own fate. ཞེས་པ་དེ་ཡིན་རུང་། all manners of things ཞེས་པ་དེ་ཁ་གསལ་པོ་བཟོ་ཆེད། Dash ཐེངས་གཉིས་བཀོལ་ནས་ strategy, diplomacy, politics, and Zionims བཅས་བར་དུ་བཅུག་ཡོད། ཡིན་ན་ཡང་། མཚན་མོའི་འགྱུར་ཡིག་ཏུ་ Dash བེད་སྤྱོད་མ་བཏང་བར་དབྱིན་ཡིག་གི་མིང་མི་འདྲ་བ་གཉིས་སམ་དེ་ལས་མང་བ་བསྡོམས་ནས་མིང་གཅིག་བཟོ་བྱེད་ཀྱི་ hyphen ཞེས་པའི་རྟགས་ – ཐུང་བ་འདི་བཀོལ་འདུག་པས། དེའི་རྒྱུ་མཚན་ཅི་ཡིན་རྟོགས་ཐུབ་མ་སོང་། 

3. མ་ཡིག་ཏུ་(ཤོག་ངོས་ ༡༧)“The street resembled fairgrounds deserted in haste.”ཞེས་ཡོད་པ་དེ། འགྱུར་ཡིག་ཏུ་(ཤོག་ངོས་ ༣༤)“ཚོང་ཁྲོམ་དང་འདྲ་བའི་ཁྲོམ་ལམ་དེ་གློ་བུར་བདག་མེད་དུ་བསྐྱུར”ཞེས་བསྒྱུར་འདུག་མོད། འོན་ཀྱང་དེ་ལྟར་མ་ཡིན་པར་“སྲང་ལམ་དེ་ནི་གློ་བུར་དུ་བདག་མེད་དུ་བསྐྱུར་བའི་ཚོང་ཁྲོམ་དང་མཚུངས”ཞེས་བསྒྱུར་ན་མ་ཡིག་དང་ཏག་ཏག་མཐུན་ཡོད། 

4. མ་ཡིག་གི་(ཤོག་ངོས་ ༡༩)“Yet I felt little sadness. My mind was empty.”ཞེས་པའི་ཚིག་ཕྲེང་དེ། འགྱུར་ཡིག་ནང་(ཤོག་ངོས་ ༣༧)“འོན་ཀྱང་ཅུང་ཙམ་ཡིད་སྐྱོ་ཞིང་སེམས་པ་སྟོང་བའི་ཚོར་སྣང་ཞིག་སྐྱེས”ཞེས་ཕབ་འདུག  འདི་ཡང་གོ་བ་ལོག་འདུག་སྟེ། མ་ཡིག་དང་མཐུན་ཆེ་ཞིང་བོད་ཡིག་ཏུ་ཀློག་བདེ་བར་བསྒྱུར་ན། “འོན་ཀྱང་ང་ལ་སྐྱོ་བའི་ཚོར་སྣང་མ་སྐྱེས་ཏེ། ངའི་སེམས་སྟོང་བ་རེད”ཅེས་བསྒྱུར་དགོས། འདིར་ཤེས་དགོས་པའི་གནད་དོན་ཆུང་གཅིག་ནི། དབྱིན་ཡིག་ནང་ A litttle དང་ Little གཉིས་ཀྱི་གོ་བར་ཁྱད་པར་ཆེན་པོ་ཡོད། དཔེར་ན། “I feel a little sadness.” ཞེས་པ་དང་། “I feel little sadness.”ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། ཚིག་གྲུབ་སྔ་མའི་ནང་ང་ལ་སྐྱོ་བའི་ཚོར་སྣང་ཅུང་ཙམ་སྐྱེས་ཞེས་པའི་དོན་ཡིན་ཡང་། ཕྱི་མའི་ནང་ང་ལ་སྐྱོ་བའི་ཚོར་སྣང་མ་སྐྱེས་ཞེས་པར་གོ 

5. མ་ཡིག་ཏུ་(ཤོག་ངོས་ 21)“Night. No one was praying for the night to pass quickly.”ཞེས་ཡོད་པ་དེ་འགྱུར་ཡིག་ཏུ་(ཤོག་ངོས་ ༤༡)“མཚན་མོར་སྨོན་ལམ་འདེབས་མཁན་མེད། མཚན་མོ་དེ་མགྱོགས་པོར་འདས”ཞེས་བསྒྱུར་འདུག ཡིན་ན་ཡང་། མ་ཡིག་གི་ནང་དོན་དངོས་ནི། “མཚན་མོ། མཚན་མོ་དེ་མགྱོགས་པོར་འདའ་བའི་སྨོན་ལམ་འདེམས་མཁན་སུ་གཅིག་ཀྱང་མེད”ཅེས་པ་དེ་ཡིན། 

མཇུག་མཐར། ཁོ་བོས་ང་ཚོ་དབྱངས་གསལ་སོ་བཞི་ལ་ཞེན་ཆགས་ཀྱིས་འཐམ་མཁན་ཚང་མས་བརྩེ་ཞིང་དུངས་པའི་བོད་ཀྱི་སྐད་ཡིག་དང་། ལྷག་པར་དུ་ལོ་ཙའི་སྤུ་ཚད་ཇེ་ལེགས་དང་ཇེ་བཟང་དུ་འགྱུར་བའི་རྒྱུ་ཕྲ་མོ་ཙམ་འགྲོ་བའི་རེ་བ་ཞིག་གིས་རྩོམ་ཐུང་འདི་བྲིས་པ་ཡིན་གྱི། སྒེར་གྱི་འཁོན་སེམས་དང་འགྲན་སེམས་ཀྱིས་ཀུན་ནས་བསླངས་པ་ཞིག་གཏན་ནས་མ་ཡིན་སྟབས། ཚིག་འཁྲུལ་བ་སོང་ན་མཐོལ་ལོ་བཤགས་དང་ངག་འཆལ་བ་འདུག་ན་བཟོད་པར་བཞེས་ཞེས་ཞུའོ། ། 

 

Share this:
༦༨༨ ཀློག་གྲངས།