དབྱིན་ཡུལ་ནས་ཨང་སན་སུ་ཅིར་སྤྲད་པའི་གཟེངས་རྟགས་ཤིག་ཕྱིར་བསྡུ་བྱས་འདུག

འབར་མའི་འགོ་ཁྲིད་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ཨང་སན་སུ་ཅི་ལ། འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་རུང་གྷེ་ཡ་ཁ་ཆེ་མི་རིགས་དམར་གསོད་དང་དྲག་སྤྱོད་སྤེལ་བར་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་བསྟུན། དབྱིན་ཡུལ་གྱི་རྒྱལ་ས་ནས་ཁོང་ལ་དེ་སྔོན་སྤྲད་པའི་གཟེངས་རྟགས་ཤིག་ཕྱིར་བསྡུ་བྱེད་རྒྱུ་ཡིན་འདུག

ཟླ་༣ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་གྲོང་ཁྱེར་ལྷན་ཚོགས་ཀྱིས། ཚེས་༤ ཉིན་འབར་མའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅིར་ལོ་གསུམ་སྔོན་ལ་སྤྲད་པའི་གྲོང་ཁྱེར་གྱི་རང་དབང་གཟེངས་རྟགས་དེ། འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་བྱེད་སྟངས་ཀྱི་རྐྱེན་པས་ཕྱིར་བསྡུ་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག

དེ་ཡང་གྲོང་ཁྱེར་གྱི་རང་དབང་གཟེངས་རྟགས་དེ་ནི་ཕྱི་ལོ་༡༢༣༧ ཙམ་ནས་འགོ་བཙུགས་པའི་ལོ་རྒྱུས་ཡུན་རིང་ཡོད་འདུག་པ་དང་། དེ་སྔོན་དབྱིན་ཡུལ་གྱི་སྲིད་བློན་ཆཱེར་ཆཱེལ་དང་། ལྷོ་ཨ་ཧྥེ་རི་ཀའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་དང་འགོ་ཁྲིད་ནཱེལ་སོན་མན་ཌེ་ལཱ། ཚན་རིག་པ་གྲགས་ཅན་ཧོག་ཀིང་སོགས་ལ་སྤྲད་ཡོད་ཁར། ཕྱི་ལོ་༢༠༡༧ ལོའི་ཟླ་༥ པའི་ནང་ལྕམ་ཨང་སན་སུ་ཅི་ཡུ་རོབ་ཁུལ་དུ་སྐོར་བསྐྱོད་ལ་སླེབས་པ་དང་བསྟུན། མོས་ལོ་མང་རིང་དམངས་གཙོའི་ཆེད་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་ཡོད་པ་དང་། མི་མང་རྣམས་ཞི་བདེ་དང་བདེ་འཇགས། རང་དབང་ལྡན་པའི་ཐོག་ནས་གནས་སྡོད་བྱེད་རྒྱུ་ཡོད་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོར་ངོས་འཛིན་དང་ཆེ་མཐོང་གི་ཆེད་དུ། ལོན་ཀྲོན་གྲོང་ཁྱེར་གྱི་རང་དབང་གཟེངས་རྟགས་དེ་སྤྲད་ཡོད་པ་རེད། སྐབས་དེར་ཁོང་སྒེར་གྱིས་གཟེངས་རྟགས་དེ་བླངས་ཡོད་འདུག སྐབས་དེར་མོ་རང་ལ་འབར་མའི་ནང་ཁ་ཆེ་རུང་གྷེ་ཡའི་དཀའ་སྡུག་དང་འབྲེལ་ནས་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡང་བྱུང་འདུག

གཟེངས་རྟགས་དེ་སྤྲད་ནས་ལོ་ངོ་གསུམ་གྱི་རྗེས་སུ་ཕྱིར་བསྡུར་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ལོན་ཀྲོན་གྲོང་ཁྱེར་ལྷན་ཚོགས་(City of London Corporation)ཀྱི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཌེ་ཝིཌ་ཝུ་ཀྲོན་གྱིས། དེ་རིང་སྔར་བྱུང་མྱོང་མེད་པའི་ཐག་གཅོད་དེ་འདྲ་བྱས་པ་དེས། གྲོང་ཁྱེར་ལྷན་ཚོགས་ཀྱིས་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བར་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་དང་། ལྕམ་ཨང་སན་སུ་ཅི་ལ་སྤྲད་པའི་གཟེངས་རྟགས་དེ་ཕྱིར་བསྡུ་བྱེད་དགོས་པའི་རྒྱུ་མཚན་ཆེ་རུ་འགྲོ་དགོས་དོན་ནི། རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་གི་ཉན་ཞིབ་ཏུ་ཁོང་དང་འབར་མའི་གཞུང་བར་གྱི་འབྲེལ་ལམ་དམ་ཟབ་དང་། གཟེངས་རྟགས་ཚོགས་ཆུང་གི་ཡི་གེར་ཁོང་གིས་ཡ་ལན་གང་ཡང་མ་བྱས་པས་ཡིན་སྐོར་བརྗོད་འདུག དེ་ཡང་ལོ་སྔོན་མར་ཡུ་རོབ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ། ཨ་ཧྥེ་རི་ཀའི་རྒྱལ་ཁབ་གྷམ་བྷེཡ་ཡིས་འབར་མས་ཁ་ཆེ་རུང་གྷེ་ཡ་མི་རིགས་རྩ་མེད་གཏོང་བའི་ནག་ཉེས་བསགས་ཡོད་པའི་ཉེས་འཛུགས་ཀྱིས་ཁྲིམས་གཏུག་བྱས་ཡོད་པ་དང་། ཁ་མཆུའི་ཉན་ཞིབ་སྐབས་སུ་ལྕམ་ཨང་སན་སུ་ཅི་ཡིས། སྐུ་ཚབ་ཚོགས་པ་ཞིག་འགོ་ཁྲིད་ནས་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ་ཉེས་འཛུགས་ལ་ཁ་གཏད་ཀྱིས་རྩོད་ལེན་བྱས་ཡོད་པས། འབར་མའི་ནག་ཉེས་སྲུང་སྐྱོབ་བྱེད་མཁན་ཡིན་སྐོར་གྱི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད།

འབར་མའི་དམག་མིས་རུང་གྷེ་ཡ་ཁ་ཆེ་མི་རིགས་དམར་གསོད་དང་བཙན་གཡེམ། རྡུང་རྡེག མཁར་དངོས་མེར་བསྲེགས་སོགས་ཀྱི་དྲག་རྒོལ་ཤུགས་ཆེན་བྱས་པའི་གནས་ཚུལ་དེ་ལ་བརྟེན་ནས། རུང་གྷེ་མི་རིགས་འབུམ་༧ ལས་མང་བར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འགྲོ་དགོས་འཁེལ་ཡོད་པ་དང་། ད་ལྟའི་ཆར་བྲོས་བྱོལ་བ་རྣམས་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་ཀྱང་། འབར་མར་ཕྱིར་ལོག་རྒྱུའི་བསམ་བློ་མེད་མཁན་མང་པོ་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་འབར་མའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་ཡིས་དྲག་རྒོལ་དེར་སྐྱོན་བརྗོད་བྱེད་ཀྱི་མེད་པས། རྒྱལ་སྤྱིའི་ནང་ནས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡང་བྱུང་ཡོད་ཁར། ཁོང་ལ་སྤྲད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་ཡང་མང་པོ་བྱུང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༨༧ ཀློག་གྲངས།