འོས་བསྡུའི་གསལ་བསྒྲགས་སྔོན་ལ་འོས་མིར་ལངས་ན་སྒྲིག་འགལ་ཡིན་པའི་གསལ་བསྒྲགས།

དབུས་འོས་བསྡུ་ལས་ཁང་ནས་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ལམ་སྟོན་མ་བྱས་སྔོན་དུ་འོས་མིར་ལང་མཁན་རྣམས་ཁྲིམས་འགལ་ཡིན་པའི་གསལ་བསྒྲགས་སྤེལ་འདུག 

ཟླ་ ༣ ཚེས་ ༡༡ ཉིན་དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བརྒྱུད་དེ་སླེབ་ལ་ཉེ་བའི་ ༢༠༢༡ ལོའི་འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་ཆར་སྤྱི་ཚོགས་དྲ་ལམ་ཁག་བརྒྱུད་དེ་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་མཁན་བྱུང་བ་དེ་ནི་“བཙན་བྱོལ་བོད་མིའི་བཅའ་ཁྲིམས་”དང་། “བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་”དང་ཡོངས་སུ་འགལ་བའི་“གནས་དོན་ཚབས་ཆེན་ཞིག་”ཏུ་ངོས་འཛིན་ཞུ་བཞིན་ཡོད་”སྐོར་བརྗོད་འདུག

བྱེས་འཁོད་མང་ཚོགས་དང་འབྲེལ་ཡོད་ཡོངས་ལ་བཏང་བའི་གསལ་བསྒྲགས་དེའི་ནང་འཁོད་དོན། ‘བྱེས་འཁོད་མང་ཚོགས་ནས་གསལ་པོ་མཁྱེན་དགོས་པ་ཞིག་ལ།  བཙན་བྱོལ་བོད་མིའི་བཅའ་འཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ ཀ པ་དང་།  འོས་བསྡུའི་སྒྲིག་གཞིའི་ལེའུ་ ༣ པའི་དོན་ཚན་ ༥༣ པའི་ནང་“སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་” ཞེས་དང་།  ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༩ པའི་ནང་“སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།”བཅས་ཁྲིམས་སྒྲིག་ནང་གསལ་པོ་ཡོད་བཞིན་དུ་རང་འདོད་རློམ་པའམ་སྤྱང་གྲུང་དོད་མདོག་གིས་ཁྲིམས་སྒྲིག་ཁག་ལ་ཉམ[ས]་ལེན་ཚུལ་མཐུན་མ་བྱུང་བའི་འགལ་འཛོལ་ཞིག་ལ་སོང་།’  

གསལ་བསྒྲགས་དེའི་མཇུག་ཏུ། འབྲེལ་ཆགས་ཁག་ནས་དེ་དོན་ཡིད་གཟབ་བྱ་དགོས་པའི་སྐུལ་མ་ནན་པོ་བྱས་པའི་ཐོག གལ་སྲིད་འབྲེལ་ཡོད་ཚོས་ད་དུང་ཡང་དོ་ཁུར་མ་བྱས་པར་གནད་དོན་དེ་རིགས་འཐོན་ཚེ་ཁྲིམས་སྒྲིག་དགོངས་དོན་ལག་བསྟར་བྱ་ངེས་ཡིན་པ་དང་། འོས་བསྡུ་ལས་ཁང་ནས་དངོས་སུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་མ་གནང་བར། རྒྱ་ཆེའི་མང་ཚོགས་ནས་གནད་དོན་དེ་རིགས་ལ་བདག་སྤྲོད་མི་བྱེད་པའི་སྐུལ་ལྕག་བཏང་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༦༦༩ ཀློག་གྲངས།