བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༡ པ་སྲུང་བརྩི་གནང་སོང་།

བོད་ཀྱི་བེུད་ཀྱིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་༦༡ འཁོར་བའི་ཉིན་མོར། དྷ་སར་བུད་མེད་ལྷན་ཚོགས་ཀྱིས། དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་བ་དང་། དེའི་རྗེས་སུ་གཙུག་ལག་ཁང་གི་རྒྱལ་སྒོ་ནས་མེག་གྷན་གྱི་ཁྲོམ་གཞུང་བར་ཞི་བའི་སྐད་འབོད་ལས་འགུལ་ཞིག་སྤེལ་གནང་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཟུར་དང་བཙུན་མའི་ལས་འཆར་གྱི་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཕེབས་ནས་གསུང་བཤད་གནང་སོང་།  ཁོང་གིས་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་འདི་ནི་གཞུང་འབྲེལ་ཡིན་མིན་ལ་མ་བལྟོས་པར།  བོད་ཀྱི་བུད་མེད་ཀྱིས་དབུ་ཁྲིད་པའི་མི་མང་གི་མཛད་སྒོ་ཆེན་པོ་ཞིག་ཡིན་པ་དང་།  ད་ལྟའི་ཆར་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་རིང་མི་རབས་རྒན་པ་རྣམས་ཀྱིས་འགན་ཁུར་རྐང་བཞེས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་སྤྱི་དང་།  སྒོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱས་ཡོད་པ་བཞིན། ད་ཆ་མི་རབས་གསར་པ་རྣམས་ཀྱིས་ཀྱང་མི་རབས་གོང་མ་རྣམས་ལ་མིག་དཔེར་བལྟས་པའི་ཐོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུ་རེ་སྐུལ་གནང་སོང་བ་དང་།   ༧གོང་ས་མཆོག་གི་ལམ་སྟོན་གྱི་འོག་ལ་ཤར་བསྐྱོད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་གནང་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་འཁོད་དོན། “དེ་རིང་ནི་བོད་ཀྱི་བུད་མེད་ཀྱིས་རང་དབང་གྱེན་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་༦༡ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་ཡུན་རིང་ཞི་བདེར་གནས་པའི་བོད་རྒྱལ་ཁབ་དེ་བཞིན་རྒྱ་གཞུང་གི་དྲག་གནོན་བྱས་པའི་ཉིན་མོ་ཞིག་ཆགས་ཡོད། དུས་དེར་བོད་ཀྱི་སྐྱ་སེར་ཕོ་མོ་སྟོང་ཚོ་མང་པོ་དྲག་གནོན་འོག་འདས་གྲོངས་སོང་བ་དང་། རྒྱ་གཞུང་གིས་བོད་དུ་དྲག་པོའི་ཐོག་བཙན་གནོན་བཏང་ཡོད་ཀྱང་། བོད་མིའི་ངོས་ནས་ཞི་བའི་ཐོག་ནས་ངོ་རྒོལ་མཐའ་འཁྱོངས་བྱས་ཡོད། དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་མི་ལོ་༦༡ གི་རིང་བོད་ཀྱི་བསྟན་སྲིད་ མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་ཆོལ་གསུམ་བོད་མི་དཔའ་མོ་ཡོངས་ལ་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཁོ་ཚོའི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་མ་ཟད། ྋགོང་ས་མཆོག་གི་ཡང་དག་པའི་རླབས་ཆེན་གྱི་དབུ་འཁྲིད་འོག་ང་ཚོའི་དམིགས་ཡུལ་ལེགས་གྲུབ་ཡོང་བའི་འབད་བརྩོན་བྱ་རྒྱུ་ཡིན། མགོན་པོ་གང་ཉིད་ནས་འཚེ་མེད་ཞི་བའི་སྒོ་ནས་བོད་མིའི་རང་དབང་འཐབ་རྩོད་མཐའ་འཁྱོངས་གནང་བར་བརྟེན་རྒྱལ་སྤྱིའི་ཐོག་ང་ཚོར་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

རྒྱ་གཞུང་གི་བཙན་གནོན་སྡུག་རྩུབ་འོག་གི་འདས་པའི་མི་ལོ་དྲུག་བཅུའི་རིང་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་དང་གཏོང་མུས་ཡིན་པ་དང་། ཁོ་ཚོས་སྔོན་ཆད་དང་ད་ལྟ་གང་དུའང་བོད་མི་གང་བྱུང་གི་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་མ་ཟད། གདུག་རྩུབ་ཆེ་བའི་ཁྲིམས་ཆད་དང་གར་སོང་ཆ་མེད་དུ་གྱུར་བ་སོགས་ཡ་ང་བའི་གནས་ཚུལ་ཐོན་དང་ཐོན་མུས་རེད།

བོད་མིའི་ཆོས་དང་རིག་གཞུང་ནི་བོད་མི་རིགས་ཀྱི་འཚོ་གནས་དང་རྒྱུན་མཐུད་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེང་སྐབས་བོད་དུ་ལག་ལེན་བསྟར་བཞིན་པའི་འཆར་ལྡན་བུ་བཙའ་ཞེས་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་དེས་བོད་མི་རིགས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཆེན་པོ་བཟོས་པ་མ་ཟད། བོད་ཀྱི་བུད་མེད་ཀྱི་ཐོབ་ཐང་ལའང་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་དང་། སྲིད་ཇུས་དེའི་ཐོག་ནས་བོད་ཀྱི་བུད་མེད་དང་ཁོ་ཚོའི་ནང་མི་མང་པོ་འཛིན་བཟུང་དང་། དངུལ་གྱི་ཉེས་ཆད་སྤྲོད་དགོས་པ། དེ་བཞིན་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་མངལ་ཤོར་ནས་ཕྲུ་གུ་ཤི་བ་སོགས་ཀྱི་དཔེ་མཚོན་མང་པོ་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱེད་པའི་བྱ་སྤྱོད་དེ་དག་གིས་ཁོ་ཚོའི་ལུས་པོ་ཙམ་མ་ཟད། བུད་ཀྱི་ནང་སེམས་ལའང་གནོད་སྐྱོན་ཆེན་པོ་བཏང་ཡོད།

གཞིས་ལུས་བོད་མི་རྣམས་ཀྱིས་མྱངས་པའི་སྡུག་བསྔལ་ནི་ཚད་ལས་འདས་པ་ཞིག་ཡིན་ཞིང་། རྒྱ་གཞུང་གི་དམིགས་ཡུལ་ནི་རྒྱུད་རིམ་ལྡན་པ་ཞིག་ཡིན་པ་དང་། རིས་མེད་དགོན་སྡེ་ཁག་གི་ནང་ཡོད་པའི་བཙུན་མ་རྣམས་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་འབུད་བྱས་ཏེ་གཅིག་བསྡུས་ཀྱི་ཐོག་ནས་བཙོན་ཁང་དུ་བཙོན་འཇུག་དང་། རྒྱལ་གཅེས་རིང་ལུགས་ཟེར་བའི་རྒྱ་གཞུང་གི་སློབ་གསོ་དང་། བཙན་ཤེད་ཀྱིས་དམག་ཆས་སྤྲོད་དུ་བཅུག་ནས་སྡེང་ཆའི་ཐོག་ནས་དར་ཁྱབ་ཆེ་བའི་དམར་ཤོག་གི་གླུ་གཞས་འཁྲབ་སྟོན་བྱེད་དུ་འཇུག་གི་ཡོད། དེ་ལྟ་བུའི་བརྙས་བཅོས་དང་གཉའ་གནོན་ལ་བཟོད་ཐབས་བྲལ་བའི་དབང་གིས་སྤྱི་ལོ་༢༠༡༦ ལོར་བུ་མོ་གསུམ་གྱིས་རང་ཤི་བརྒྱབ་པ་དང་། རང་ལུས་མེར་བསྲེགས་གཏོང་བའི་གནས་ཚུལ་ཡང་ནས་ཡང་དུ་ཐོན་ཡོད། དེ་ལྟ་བུའི་གནས་སྟངས་འོག་གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཧ་ཅང་བརྟན་པོ་ཡིན་པ་མ་ཟད། རྒྱ་གཞུང་གི་གནད་ཡོད་མི་སྣར་ཡང་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད། སྤྱི་ལོ་༢༠༠༩ ལོ་ནས་བཟུང་ད་བར་བོད་མི་༡༥༦ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ ཡོད་པ་དང་། དེའི་ནང་ནས་མི་གྲངས་༢༨ ནི་བུད་མེད་ཆགས་ཡོད། ཞི་བའི་ངོ་རྒོལ་དང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོན་ཐེངས་རེར་ཁོ་ཚོ་ཚང་མས་བོད་ལ་དོན་དམ་གྱི་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་དུ་ཆིབ་བསྒྱུར་གནང་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད།

གཞིས་ལུས་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་བར་འཚམས་མེད་པར་དམ་དྲག་དང་བཀག་བསྡོམས་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་བལྟ་སྤྱོད་དང་མི་མཐུན་པའི་བསམ་བློ་ཡོད་ཚད་ལ་བཀག་འགོག་དང་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ་དང་། དོགས་ཡོད་མི་སྣའི་རིགས་ལ་ཡ་ང་སྙིང་རྗེ་མེད་པའི་ཁྲིམས་ཆད་གཅོད་ཀྱི་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ནི་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བེུད་ཀྱི་སྒྲིག་འཛུགས་གལ་ཆེན་ཞིག་ཆགས་ཡོད་པ་དང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ་དང་། བོད་མི་རིགས་ལ་བཙན་གནོན་བྱེད་པའི་སྲིད་ཇུས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། མ་འོངས་པར་དེ་བས་ཀྱང་དོ་སྣང་བྱེད་ངེས་རེད། དེར་བརྟེན། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་རིགས་མི་མང་ཡོད་དོ་ཅོག་དང་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱི་ཐོག་ནས་བོད་ཀྱི་གནད་དོན་ཐད་འབད་བརྩོན་དང་། ྋགོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་དབུ་འཁྲིད་འོག་མུ་མཐུད་ནས་འབད་བརྩོན་དང་ཤར་བསྐྱོད་བྱེད་ཀྱི་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་མ་འོངས་པའི་དོན་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་བྱེད་རྣམས་ཀྱི་ནུས་སྟོབས་གོང་འཕེལ་བཏང་ནས་བུད་མེད་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་འགོ་འཁྲིད་ཀྱི་གནས་བབ་སྐྱེད་བསྲིང་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ཤེས་ཡོན་སློབ་གསོ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ལའང་ནུས་པ་འདོན་དང་འདོན་མུས་ཡིན། ལྷན་ཚོགས་དེ་ནི་ཆེས་ནུས་སྟོབས་ལྡན་པ་དང་བོད་མི་རྣམས་ཀྱིས་ཡིད་རང་བསྔགས་བརྗོད་འོས་པའི་སྒྲིག་འཛུགས་ཤིག་ཆགས་ཡོད།

སྤྱི་ལོ་༡༩༨༤ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་ཞབས་འདེགས་དང་ལས་འགུལ་ཧ་ཅང་མང་པོ་སྤེལ་ཡོད་པ་མ་ཟད། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གཞིས་རྒྱ་ཆེ་བའི་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་བོད་དོན་དྲིལ་བསྒྲགས་བྱས་པ་དང་། དེའི་རིང་རྒྱ་གར་གྱི་གྲོང་ཁྱེར་༥༢ ཙམ་ལ་བསྐྱོད་ཡོད་པ་དང་། ཆེས་མཐོའི་དབུ་འཁྲིད་དང་གནད་ཡོད་མི་སྣ་མང་པོར་ཐུག་འཕྲད་ཀྱིས་བོད་དོན་ཐད་ཁོ་ཚོའི་རྒྱབ་སྐྱོར་ཐོབ་རྒྱུ་རྩོད་ལེན་བྱས་ཡོད། འདས་པའི་མི་ལོ་ ༢༤ ཡི་རིང་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་དོན་དུ་འབད་བརྩོན་ཆེན་པོ་གནང་ཡོད་པ་དང་། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་བཟུང་གནས་ཚུལ་མང་པོ་དོ་སྣང་དང་རྒྱུད་ལོན་བྱ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་ཁག་ལའང་འབོད་སྐུལ་དང་ཞུ་གཏུགས་ཀྱི་ཡིག་འབྲེལ་བྱེད་པ་སོགས་ལས་འགུལ་ཧ་ཅང་མང་པོ་སྤེལ་བཞིན་ཡོད། འོན་ཀྱང་། ད་བར་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ གསོན་མེད། དེ་བཞིན་དུ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་དང་། བགྲོ་གླེང་ཚོགས་འདུ། ཞི་བའི་སྐད་འབོད་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་དང་སྤེལ་མུས་ཡིན་པས། འདི་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་དབུ་འཁྲིད་དང་མི་མང་གི་ཁྲོད་སྔར་བས་གོ་རྟོགས་འཕེལ་བའི་རེ་བ་བྱེད་བཞིན་ཡོད། བོད་མི་མང་གི་ངོས་ནས་བཤད་ན་ྋགོང་ས་མཆོག་སྐུ་ཁམས་གསལ་ཐང་ཡིན་པའི་དུས་སྐབས་འདིར། བོད་མི་མང་ལ་ལམ་སྟོན་གནང་མཁན་ པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གསལ་པོ་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། དེ་ལ་བརྟེན་ནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་སྤྱི་ལོ་༢༠༢༠ ལོར་ཞི་རྒྱ་ཆེ་བའི་ལས་འགུལ་ཞིག་གོ་སྒྲིག་བྱ་རྒྱུ་དང་། ལས་འགུལ་དེ་གྲོང་ཁྱེར་དང་ས་གནས་མང་པོར་ཁྱབ་ཐུབ་པ་དང་། དབུ་འཁྲིད་དང་མི་མང་འབོར་ཆེན་ཞིག་ལ་ཐུག་འཕྲད་བྱ་རྒྱུ་ཡིན། ཞི་ཅིང་ཕིང་གི་འགོ་འཁྲིད་འོག་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གཞུང་གི་དབང་བསྒྱུར་འོག་དམ་དྲག་ཆེ་ཤོས་ཡིན་པའི་བོད་ནང་གི་གནས་སྟངས་ལ་སེམས་ཁྲལ་ ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དང་། བོད་ཀྱི་བུད་མེད་གྱེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༦༡ འཁོར་བའི་འཚམས་འདིར་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་འཐུས་མི། འཛམ་གླིང་རྒྱལ་ཁབ་ཁག་དབུ་འཁྲིད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ལ་ངེད་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གཤམ་གསལ་བྱ་དགོས་འདུན་ཁག་གསལ་སྟོན་བྱ་རྒྱུ་སྟེ།

༡། མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ྋགོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་ གྲོས་མོལ་སྐྱར་གསོ་བྱེད་དགོས་པ།

༢། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྡེ་ཚན་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་གར་སོང་ཆ་ མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་རྒྱུ།

༣། བོད་མི་ཚོས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་ྋགོང་ས་མཆོག་གི་ཡང་སྲིད་ལ་ངོས་ལེན་གཏན་ནས་བྱེད་མི་སྲིད་ལ། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ནི་བོད་ཀྱི་ཆོས་ལུགས་ཀྱི་གནད་དོན་ཁོ་ན་ཡིན་པར་བརྟེན། གནད་དོན་འདི་ ཐག་གཅོད་བྱེད་པའི་སྐུ་དབང་ཡོད་ཚད་༧གོང་ས་མཆོག་ཁོ་ནར་ཡོད།

༤། ཞི་ཅིང་ཕིང་གི་ངོས་ནས་གསར་འགོད་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།”བཅས་འཁོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༥༦ ཀློག་གྲངས།