གོ་སྐབས་དང་དྲན་གསོའི་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༩༣  ཕྱི་ལོ་ ༢༠༢༠/༠༣/༡༡

རྒྱ་དམར་དྲག་པོའི་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་མི་ལོ་ཧྲིལ་པོ་༦༡ འཁོར་ཟིན་པ་དང་། བོད་ལ་བཙན་འཛུལ་བྱས་ནས་མི་ལོ་༧༡ འདས་ཟིན་པ་རེད། འདས་པའི་མི་ལོ་དེ་དག་གི་རིང་བོད་ས་སྟོད་སྨད་བར་གསུམ་ཡོངས་རྫོགས་རྒྱ་དམར་གཞུང་གིས་བཙན་འཕྲོག་གིས་དབང་བསྒྱུར་བྱས་ཡོད་ཀྱང་། ས་ཁུལ་དེར་ཡོད་པའི་བོད་མི་དག་གི་སེམས་པ་རྒྱ་དམར་གཞུང་གི་ཕྱོགས་སུ་ད་དུང་ཡང་འགུག་ཐུབ་མེད། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་འདས་པའི་ལོ་མི་དྲུག་ཅུ་ལྷག་གི་རིང་བོད་དོན་འཐབ་རྩོད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། ད་ལྟའི་ཆར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་སླེབས་ཡོད་ལ། རྒྱ་དམར་གཞུང་གིས་རྒྱལ་སྤྱིའི་ཁྱོན་དུ་ཁ་ཞེ་མི་མཚུངས་པའི་གཡོ་སྒྱུའི་འཁྲབ་སྟོན་མང་པོ་ཞིག་བྱེད་པའི་གདོང་རིས་ཀྱང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་མངོན་གསལ་དུ་འགྱུར་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། བོད་དོན་བདེན་མཐའ་གསལ་བའི་དུས་ཚོད་སུ་གཅིག་གིས་གཏན་ཁེལ་གྱིས་བརྗོད་མི་ཐུབ་ནའང་། དེ་ལྟ་བུའི་གོ་སྐབས་ཤིག་ཡོང་ཐུབ་མིན་བོད་མི་རིགས་ཀྱི་སྙིང་རུས་དང་སེམས་ཤུགས་ལ་རག་ལས་ཡོད།

རྒྱ་དམར་གཞུང་ལྟ་བུའི་ཁྲེལ་ངོ་ཚ་དང་ཤ་ཚ་སྙིང་རྗེ་གཏན་ནས་མེད་པའི་སྲིད་གཞུང་ཞིག་ལ་མཚོན་ན། དཔོན་རིགས་དག་གིས་རང་ཉིད་ཀྱི་གོ་གནས་དང་ཁེ་ཕན་སྲུང་སྐྱོབ་ཆེད་མཁྲེགས་འཛིན་ཁོ་ན་བྱེད་པ་ལས། འདྲ་མཉམ་དང་གུ་ཡངས་ཀྱི་བསམ་བློ་ལ་བརྟེན་ནས་གྲངས་ཉུང་མི་རིགས་རྣམས་ལ་སྙིང་རྗེ་དང་གཅེས་སྐྱོང་བྱེད་པའི་རེ་བ་བརྒྱབ་པ་ནི་སྟོང་བསམ་ཁོ་ན་རུ་ངོས་འཛིན་བྱེད་ཆོག གལ་སྲིད་བོད་རྒྱའི་འཐབ་རྩོད་ཆེད་གུ་ཡངས་ཀྱི་བསམ་བློ་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པའི་དབང་དུ་བཏང་ན། བོད་པའི་ངོས་ནས་གུ་ཡངས་དེ་རྩ་དོན་བློས་གཏོང་རྒྱུ་ཁོ་ན་ལས་མེད། རྒྱ་དམར་གཞུང་གི་དབང་འཛིན་པ་རྣམས་ཀྱིས་གུ་ཡངས་ཀྱི་བསམ་བློ་ལ་བརྟེན་ནས་བོད་དོན་ཐོག་གུ་ཡངས་ཀྱི་སྲིད་བྱུས་དང་། ཐག་གཅོད་ཡག་པོ་ཞིག་བྱས་ན་འགྱུར་བ་འགྲོ་ཐུབ་པ་ལས། རྒྱ་དམར་གཞུང་གི་མཁྲེགས་འཛིན་མཐོང་ཆུང་གི་སྲིད་བྱུས་ལ། བོད་པས་གུ་ཡངས་ཀྱིས་ཡ་ལན་སྤྲོད་ཐུབ་པ་ཞིག་གཏན་ནས་མིན། གལ་སྲིད་རེ་བ་དེ་ལྟར་བརྒྱབ་ནའང་ཙི་ཙིས་ཞི་མིའི་ཆོས་བཤད་ལ་ཉན་པའི་སྒྲུང་གི་མཇུག་འབྲས་དང་གཅིག་མཚུངས་སུ་འགྱུར་རྒྱུ་ལས་མེད།

མི་འབོར་དང་། དམག་ཤུགས། དཔལ་འབྱོར་བཅས་གང་ཐད་ནས་རྒྱ་དམར་དྲག་པོའི་གཞུང་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་བོད་པའི་སྟོབས་ཤུགས་བསྡུར་ཐབས་གཏན་ནས་མེད་ཀྱང་། བོད་དོན་འཐབ་རྩོད་ཀྱི་བདེན་པའི་གནས་སྟངས་དེ་བོད་པ་ཁོ་ན་ལས་རྒྱ་དམར་གཞུང་ལ་མེད་པའི་སྟོབས་ཤུགས་ཉག་གཅིག་ཏུ་གྱུར་ཡོད། བོད་པ་ལ་ཡོད་པའི་སྟོབས་ཤུགས་དེར་རྒྱལ་སྤྱིའི་སྟེང་ནས་ངོས་འཛིན་འཐོབ་ཐུབ་པའི་ཆེད་དུ་བོད་པ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་པ་དང་། བོད་ཀྱི་བདེན་པའི་འཐབ་རྩོད་ལ་བོད་པ་རང་ངོས་ནས་ཡིད་ཆེས་དང་ངེས་ཤེས་བརྟན་པོ་ཞིག་ཡོད་དགོས་པ་ནི། ད་ལྟའི་ཆར་རྩ་དོན་འཐབ་རྩོད་ཀྱི་འགག་རྩར་ཐུག་ཡོད། རང་ཉིད་ཀྱི་བདེན་པའི་ལོ་རྒྱུས་ལ་ངེས་ཤེས་དང་ཡིད་ཆེས། གདེང་ཚོད་བརྟན་པོ་ཞིག་གཞི་རྩར་བཟུང་ནས་རྒྱལ་སྤྱིའི་སྟེང་དུ་བོད་པའི་བདེན་དོན་ལ་ངོས་འཛིན་དང་རྒྱབ་སྐྱོར་འཐོབ་ཐུབ་པ་ཞིག་བྱེད་དགོས་ལ། སྤྱི་ཡོངས་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་ཞིག་མིན་ནའང་། ད་ལྟའི་དུས་ཚོད་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་གལ་གནད་ཅན་ཞིག་ཏུ་གྱུར་ཡོད།

ཆབ་སྲིད་ཀྱི་ལས་དོན་སྤྱི་དང་ལྷག་པར་དུ་འཐབ་རྩོད་ཀྱི་གནས་སྟངས་ཐོག་ནས་རེ་བ་གཏན་ནས་བརླག་མི་རུང་བ་གལ་ཆེན་པོར་གྱུར་ཡོད་པ་དང་། གོ་སྐབས་དང་ཅུང་ཙམ་ལས་མེད་ཀྱང་རྩོད་ལེན་བྱེད་ཐུབ་དགོས་པ་དང་བློས་གཏོང་གཏན་ནས་བྱེད་མི་རུང་། བོད་པ་རང་ཉིད་ཀྱི་ངོས་ནས་གོ་སྐབས་བློས་གཏོང་བྱས་ཟིན་པའི་རྗེས་སུ་བོད་པའི་འཐབ་རྩོད་ལ་འགན་མ་ཁུར་བ་རེད། དེར་བརྟེན་རྒྱ་དམར་དྲག་པོའི་གཞུང་ལྟ་བུ་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་ཅིང་གཅིག་སྡུད་དབང་འཛིན་བྱེད་མཁན་གྱི་སྲིད་གཞུང་ཞིག་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་བར། དགྲ་ལ་དགྲ་ཡི་འདུ་ཤེས་འཛིན་དགོས་པ་གལ་ཆེན་པོ་ཡིན་པ་དང་། བོད་མིའི་ངོས་ནས་དགྲ་བོ་རྒྱ་དམར་གཞུང་ལ་དགྲ་ཡི་འདུ་ཤེས་བརླགས་ཟིན་པའི་ཉིན་མོ་ནས། རྩ་དོན་འཐབ་རྩོད་ཀྱང་ཉིན་དེ་ནས་བཟུང་ཤི་སོང་བ་རེད། ཉིན་མོ་འདི་ནི་དགྲ་བོས་མནར་གཅོད་བཏང་བ་དྲན་གསོ་བྱེད་པའི་ཉིན་མོ་ཞིག་ཡིན་ཞིང་། བོད་ལ་རང་དབང་རང་བཙན་མེད་པ་དང་། དགྲ་བོ་རྒྱ་དམར་གཞུང་གི་མནར་གཅོད་འོག་བོད་པས་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དྲན་གསོ་བྱེད་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་པ་ཚང་མའི་སེམས་ནང་དུ་བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། དགྲ་བོ་རྒྱ་དམར་གཞུང་དང་རྒྱ་མི་རྣམས་བོད་ནས་མཐར་སྐྲོད་གཏོང་དགོས་པའི་བསམ་བློ་དང་སྐད་འབོད་དེ་ཉིད་བོད་ལ་རང་དབང་རང་བཙན་མ་ཐོབ་ཀྱི་བར་དུ་ལོ་ལྟར་རྒྱུད་ཆད་མེད་པ་ཞིག་དང་། དེ་དང་འབྲེལ་བའི་ལས་འགུལ་རྣམས་རྒྱུན་ཆད་མེད་པར་སྤེལ་བསྡད་ན་བོད་དོན་བདེན་མཐའ་གསལ་བའི་ཉིན་མོ་ཞིག་ཡོང་ངེས་རེད། དགྲ་ལ་དགྲ་ཡི་འདུ་ཤེས་འཛིན་མ་ཐུབ་པར་གཉེན་ལ་དགྲ་ཡི་འདུ་ཤེས་འཛིན་པ་ལྟ་བུའི་མི་རིགས་ཤིག་བྱུང་ན། དུས་དེ་ནས་བཟུང་ཉིན་ཞིག་གྲངས་ཉུང་མི་རིགས་ཁག་གི་ངོ་རྒོལ་དང་། མང་གཙོ་དོན་གཉེར་བ་རྒྱ་ནག་ཧན་མི་རིགས་སོགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ནས་རྒྱ་དམར་གཞུང་འཐོར་ཞིག་ཏུ་འགྲོ་བའི་ཉིན་མོ་ཞིག་འཆར་བའི་དབང་དུ་བཏང་ཡང་། བོད་མི་རིགས་ཀྱི་ངོས་ནས་གོ་སྐབས་ལེན་རྒྱུའི་བསམ་བློ་འཁོར་མི་ཐུབ་པར་འགྱུར་ངེས་རེད། དེ་རིང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་རྣམས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་དམ། ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་དྲན་གསོ་བཏང་ཡོད་པ་རེད་ལ་མ་འོངས་པར་གཏན་ནས་བརྗེད་མི་རུང་བ་ཞིག་རེད།

Share this:
༢༩༨ ཀློག་གྲངས།