འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་བྱས་འདུག

སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༣ པ་དེ་འཚོགས་བཞིན་ཡོད་པ་དང་བསྟུན། ཉེ་ཆར་ཟླ་༣ པའི་ཚེས་༡༠ ཉིན་རྒྱལ་ཚོགས་ཀྱི་འཐུས་མི་འཇར་མན་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ནེ་ཐར་ལན་ཌིས། ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག

དེ་ཡང་འཇར་མན་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་རིགས་ཚོའི་ཐོག་ཁྲིམས་མེད་ལུགས་མེད་ཀྱིས་གང་བྱུང་བཀག་ཉར་དོ་དམ་དང་མནར་གཅོད་གཏོང་བ། དེ་བཞིན་ཆབ་སྲིད་དང་ཆོས་དད་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པའི་ཐོག  འཇར་མན་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་རྒྱ་ནག་ནང་གཟིགས་སྐོར་དུ་མགྲོན་འབོད་ཞུས་པར་དགའ་བསུ་གནང་བ་དང་སྦྲགས་ཆ་རྐྱེན་ཁག་བསྒྲུབ་ཐུབ་པའི་རེ་བ་བཏོན་ཡོད་འདུག

དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་སྐུ་ཚབ་ཀྱིས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ལྟར། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་འཛིན་གྱི་གནས་བབ་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཐན་ནང་འཆར་གཞི་ལྡན་པའི་ངང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་བཞིན་པ་དེ་འཚམས་འཇོག་དགོས་ཞེས་ནན་བརྗོད་གནང་བ་དང་ཆབས་ཅིག ཉེ་ཆར་རྒྱ་ནག་ནང་བྱུང་བའི་ཏོད་བྱིབས་རིམས་ནད་ཀྱི་དཀའ་རྙོག་དང་འབྲེལ་ནས་ཕྱི་ཕྱོགས་གནས་ཚུལ་མཁོ་གཏོང་གནང་མཁན་གྱི་མང་ཚོགས་ཐོག་དམ་དྲག་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག

ཡུ་རོབ་སྤྱི་མཐུན་ཚོགས་པས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་སྐུ་ཚབ་གྲངས་༢༧ གྱི་ཚབ་ཞུས་ཏེ་རྒྱ་ནག་གཞུང་ལ་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ལ་གཟིགས་སྐོར་གྱི་གོ་སྐབས་མིང་དོན་མཚུངས་པ་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་ཁར། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ངང་མང་ཚོགས་ཐོག་སྤེལ་བཞིན་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་དང་། མང་ཚོགས་ཀྱི་ཆོས་དད་དང་རང་དབང་ཐོག་ལྟ་སྲུང་དང་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཀྱི་རྣམ་པ་བཏོན་པའི་ཐོག དེ་སྔོན་རྒྱལ་ཚོགས་ཀྱི་ཆེད་ལས་རྟོག་ཞིབ་མི་སྣས་རྒྱ་གཞུང་གིས་བཟོས་པའི་འཇིགས་སྐུལ་རིང་ལུགས་ཀྱི་ཁྲིམས་སྒྲིག་ལ་འདྲི་རྩད་བྱས་པའི་གནད་དོན་ལུང་འདྲེན་བྱས་ཏེ། ཁྲིམས་སྒྲིག་དེའི་ཐོག་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣའི་དམིགས་ཡུལ་ལྟར་ཕྱི་གསལ་ནང་གསལ་དང་། རང་དབང་ཐོག་རྟོག་ཞིབ་གནང་བའི་ནན་བརྗོད་གནང་འདུག

ནེ་ཐར་ལན་ཌིས་སྐུ་ཚབ་ཀྱིས་རྒྱ་ནག་ནང་གི་བོད་མི་དང་། ཡེ་ཤུ། ཁ་ཆེ་བཅས་ཀྱི་ཆོས་དད་རང་དབང་ལ་ཐུགས་འཚབ་གནང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་གཙོས་པའི་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ལ་དངོས་ཡོད་གནས་ཚུལ་ཐད་རྟོག་ཞིབ་བྱེད་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཕྱོགས་མཚུངས་རྒྱལ་ཚོགས་ཀྱི་འཐུས་མི་ཨོ་སི་ཀྲོ་ལི་ཡ་དང་། ཧྥེན་ལན་ཌི། ཕ་རན་སི། དབྱིན་ཡུལ་བཅས་ནས་རྒྱ་ནག་གཞུང་ལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ཆེས་མཐོའི་སྐུ་ཚབ་ལ་གཟིགས་སྐོར་གྱི་གོ་སྐབས་མིང་དོན་མཚུངས་པ་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༥༣༠ ཀློག་གྲངས།