རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཨ་རི་ཡིན་པའི་འཁྱོག་བཤད་བྱེད་བཞིན་འདུག 

རྒྱ་ནག་གི་ཕྱི་སྲིད་མི་སྣ་ཞིག་གིས་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་ཨ་རིའི་དམག་གིས་རྒྱ་ནག་ཏུ་ཁྱེར་བ་ཡིན་ཚུལ་བཤད་དེ། ནད་ཡམས་དེའི་ཐོག་མའི་འབྱུང་ཁུངས་ཨ་རི་ཡིན་པའི་འཁྱོག་བཤད་དེ་ཤུགས་ཆེ་རུ་བཏང་འདུག 

དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་མི་སྣ་ཞིག་གིས་ཏོག་དབྱིབས་ནད་ཡམས་དེ་ཨ་རིའི་དམག་གིས་གྲོང་ཁྱེར་ཝུའུ་ཧན་དུ་ཁུར་ཡོང་བ་ཡིན་ཚུལ་བཤད་དེ། འཇིགས་སུ་རུང་བའི་ནད་ཡམས་དེའི་ཐོག་མའི་འབྱུང་ཁུངས་རྒྱ་ནག་མ་ཡིན་པར་ཨ་རི་ཡིན་པའི་འཁྱོག་བཤད་ཤུགས་ཆེ་རུ་བཏང་འདུག

རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཛོའོ-ལི་ཇན་(Zhao Lijian)གྱིས་རེས་གཟའ་ཕུར་བུའི་ཉིན་སོ་སོའི་ཋུ་ཋར་(Tweeter)ཐོག་ཏུ་གཏམ་ཐུང་ཞིག་སྤེལ་བའི་ནང་། “ནད་ཡམས་ཝུའུ་ཧན་དུ་འཁུར་མཁན་ཨ་རིའི་དམག་མི་ཡིན་སྲིད། [ཨ་རིས་]ཕྱི་གསལ་ནང་གསལ་བྱས་ཏེ་ཡིག་ཆ་རྣམས་མི་མང་ལ་སྟོན་དགོས། ང་ཚོ་ལ་ཨ་རིའི་ངོས་ནས་འགྲེལ་བཤད་ཅིག་དགོས”ཞེས་བྲིས་པའི་ཐོག ད་དུང་རྗེས་སུ་ཁོའི་སྤྱི་ཚོགས་དྲ་ལམ་གྱི་རྗེས་འབྲང་ཚོ་ལ་ནད་དུག་དེ་ཨ་རི་ནས་བྱུང་བ་ཡིན་པ་སྒྲུབ་བྱེད་ཀྱི་རྩོམ་ཡིག་སྤེལ་དགོས་པའི་སྐུལ་མའང་བཏང་ཡོད་འདུག 

ད་ལྟ་ནད་ཡམས་དེ་རྒྱ་ནག་ནས་ཨ་རི་དང་འཛམ་གླིང་ཁྱོན་ལ་ཁྱབ་སྟེ་འགྲོ་བ་མིའི་རིགས་ཡོངས་ལ་ཛ་དྲག་གི་དཀའ་ཉེན་འཕྲད་བཞིན་པའི་སྐབས་འདིར། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ནད་ཡམས་དེའི་ཐོག་མའི་འབྱུང་ཁུངས་སུ་ཡིན་སྐོར་རྩོད་པ་དྲག་པོ་རྒྱག་བཞིན་ཡོད།  རྒྱ་ནག་གཞུང་གིས་རྒྱུན་དུ་སོ་སོའི་སྐྱོན་མཚན་རྣམས་སྤས་ཏེ་ནག་ཉེས་ཡོངས་རྫོགས་“ཕྱིའི་རྒྱལ་ཁབ”ལ་འགེབས་པའི་གཡོ་བྱུས་ཀྱིས་མི་མང་ལ་མགོ་སྐོར་གཏོང་བཞིན་ཡོད་པ་ལྟར། ནད་ཡམས་དེ་ཨ་རི་ནས་བྱུང་བའི་ཡིན་པའི་གཏམ་འཆར་ཞིག་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུ་སྔ་མོ་ནས་ཁྱབ་ཡོད་ན་ཡང་།  གཞུང་འབྲེལ་མི་སྣ་ཞིག་གི་ངོས་ནས་ཁུངས་དང་དཔང་རྟགས་མཁོ་སྤྲོད་མ་བྱས་པར་་ནད་ཡམས་དེའི་འབྱུང་ཁུངས་ཨ་རི་ཡིན་ཚུལ་བཤད་མཁན་ཐོག་མ་དེ་ཛོའོ-ལི་ཇན་(Zhao Lijian)ཆགས་ཡོད་འདུག 

དེ་ལྟར་ཡིན་རུང་། ཊོམ་ཕི་སྲིད་གཞུང་ནས་ནད་ཡམས་འདིའི་ལན་ཁག་ཡོངས་རྫོགས་རྒྱ་ནག་གཞུང་ལ་དཀྲིས་འདུག་སྟེ། ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་མཁན་རོ་བྷར་ཏྲི-ཨོ་བྷི་རན་(Robert O’Brien)གྱིས་རེས་གཟའ་ལྷག་པའི་ཉིན་གསར་འགོད་གསལ་བསྒྲགས་བྱེད་སྐབས། “སྟབས་མ་ལེགས་པ་ཞིག་ལ། ལག་བསྟར་བཟང་ཤོས་དེ་བྱེད་རྒྱུའི་ཚབ་ཏུ་ནད་ཡམས་ཝུའུ་ཧན་ནས་ཁྱབ་གདལ་ཕྱིན་པའི་གནས་ཚུལ་སྦ་གསང་བྱས་པ་རེད”ཅེས་བཤད་པའི་ཐོག “དེའི་དབང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་[ནད་ཡམས་དེར་]ཁ་གཏད་གཅོག་པའི་དུས་ཚོད་ཟླ་བ་གཉིས་མེད་པར་གྱུར་བ་རེད”ཅེས་བསྣན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༩༦༣ ཀློག་གྲངས།