བཀའ་ཤག་ནས་ནད་ཡམས་དང་འབྲེལ་བའི་ཛ་དྲག་འབོད་སྐུལ་གསལ་བསྒྲགས།

རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་(Covid-19)ད་ཆ་འཛམ་གླིང་ཧྲིལ་པོར་ཁྱབ་ནས་རྒྱལ་ཁབ་ཚང་མས་ཚ་ཚ་འུར་འུར་གྱིས་དེ་ལ་ཁ་གཏད་གཅོག་ཐབས་བྱེད་བཞིན་པ་ལྟར། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སེར་སྐྱ་མི་མང་ལ་ཛ་དྲག་འབོད་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་འདུག
དེ་རིང་སྟེ་ཟླ་ ༣ ཚེས་ ༡༧ ཉིན་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་བརྒྱུད་དེ་ཛ་དྲག་གི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་བལ་འབྲུག་གསུམ་ནང་གི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག རྒས་གསོ་ཁང་སོགས་ཟླ་གཅིག་གི་རིང་སྒོ་རྒྱག་དགོས་པའི་འབོད་སྐུལ་ཞུས་འདུག
གཤམ་དུ་གསལ་བསྒྲགས་དེའི་དོན་ཚན་བདུན་པོ་བཀོད་ཡོད་དེ།
༡ དགོན་སྡེའི་དགེ་འདུན་པ་རྣམས་འདུ་ཚོགས་རིགས་སྔ་འཕྲོས་ཟླ་བ་གཅིག་གི་རིང་མི་གནང་བ་དང་། དེ་བཞིན་དགོན་སྡེ་སོ་སོར་ཕྱི་ལོག་ནས་ཕེབས་མི་རིགས་ལ་བདུན་ཕྲག་གཉིས་ཀྱི་རིང་སྔོན་འགོག་ཟུར་བཀག་གནང་དགོས་པ་དང་།
༢   གཏན་ཉིན་སློབ་གྲྭ་ཁག་ཉུང་མཐར་ཟླ་གཅིག་གི་རིང་སྒོ་རྒྱག་དགོས།
༣   རྒས་གསོ་ཁང་ནང་སྨན་ཞབས་དང་ལས་བྱེད་ཡིན་ན་མ་གཏོགས་དེ་མིན་ཕྱི་ལོག་ནས་མི་སྣ་སུ་གཅིག་རྐྱང་ཕེབས་མི་ཆོག་པའི་བཀག་འགོག་གནང་དགོས།
༤   སྔ་འཕྲོས་ཟླ་བ་གཅིག་གི་རིང་ཟབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་རིགས་བསྐོང་ཚོགས་མི་གནང་བ་བྱ་དགོས།
༥   བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་རྣམས་གཞུང་འབྲེལ་ཕྱོགས་བསྐྱོད་རིགས་སྔ་འཕྲོས་ཕར་འགྱངས་གནང་དགོས།
༦  ཆང་ས་དང་། སྤྲོ་སྐྱིད། གཞན་ཡང་རྩེད་རིགས་འདུ་འཛོམས་སོགས་འདི་ཟླའི་ཚེས་ ༣༡ བར་མི་གནང་བ་གཙོ་འདོན་གནང་དགོས་ཀྱང་། ཛ་དྲག་གིས་མི་འདས་གྲོངས་སུ་ཕྱིན་ཏེ་མཆོད་འབུལ་སོགས་ཀྱི་ཆེད་མ་འཛོམས་མཐའ་མེད་ཡིན་ན་མ་གཏོགས་དེ་མིན་འདུ་འཛོམས་རིགས་མི་གནང་བ་བྱ་དགོས།
༧   དོ་བདག་སོ་སོར་ཚ་བའི་ནད་རྟགས་དང་། མིད་པ་སྐམ་ཟུག གློ་ཆམ་རིགས་བྱུང་ཚེ་ལམ་སང་སྨན་ཁང་དུ་བསྟེན་གཏུག་ངེས་ཞུ་དགོས་རྒྱུར་རང་སོ་སོའི་ངོས་ནས་དོ་ཁུར་གྱིས་གནང་ཕྱོགས་དགོས་པ།
བཅས་སྔ་འཕྲོས་ཉུང་མཐར་ཟླ་བ་གཅིག་གི་རིང་གོང་གསལ་ལྟར་གནང་ཕྱོགས་དགོས་རྒྱུའི་ཐོག་གནས་ཡུལ་མངའ་གཞུང་སོ་སོའི་ལམ་སྟོན་བཀོད་ཁྱབ་གཞིར་བཟུང་དམ་དོན་ཕྱག་བསྟར་ཡང་གནང་ཕྱོགས་དགོས་པ་བཅས་དེ་གའི་ཁྱབ་ཁོངས་སོ་སོར་འབོད་སྐུལ་གསལ་བསྒྲགས་འཕྲལ་དུ་གཏོང་དགོས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུ།
གཞན་ཡང་། དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཀྱང་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཕྱི་ཟླ་ ༣ ཚེས་ ༡༨ ནས་ཕྱི་ཟླ་ ༤ ཚེས ༡༥ བར་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་བ་དང་། དེའི་ནང་རྒྱ་གར་གཞུང་དང་། ཀང་རཱ་རྫོང་ནས་ཉེས་ཁྲིམས་དོན་ཚན་ ༡༤༤ བཞག་པ་ལྟར་ཏོག་དབྱིབས་ནད་ཡམས་ལ་དོགས་ཟོན་ཆེད་དུ་གཙུག་ལག་ཁང་རེ་ཞིག་སྒོ་རྒྱག་རྒྱུ་ཡིན་ཚུལ་འཁོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༦༧༩ ཀློག་གྲངས།