རྐང་སྤོལ་རྩེད་འགྲན་ཆེ་ཤོས་གཉིས་པ་དེ་ལོ་གཅིག་རིང་ཕྱིར་འགྱངས་བྱས་འདུག

ཏོག་དབྱིབས་ནད་དུག་རྐྱེན་པས་རྒྱལ་སྤྱིའི་ནང་ལས་རིམ་མང་པོ་ཞིག་ཕྱིར་འཐེན་དང་ཕྱིར་འགྱངས་བྱེད་བཞིན་ཡོད་པ་ལྟར། ལོ་བཞི་རེའི་མཚམས་སུ་འཚོགས་ཀྱི་ཡོད་པའི་ཡུ་རོབ་རྒྱལ་ཁབ་བར་གྱི་རྐང་སྤོལ་རྩེད་འགྲན་དེ་ལོ་གཅིག་རིང་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་འདུག དེ་ལ་བརྟེན་ནས་ཡུ་སྒོར་ས་ཡ་མང་པོ་གྱོང་གུད་འཕོག་རྒྱུ་རེད་འདུག

ཟླ་༣ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༧ ཉིན་ཡུ་རོབ་ཀྱི་རྐང་སྤོལ་ལྷན་ཚོགས་འཚོགས་ནས་མཐའ་མའི་ཐག་གཅོད་དུ། འདི་ལོའི་ཟླ་༦ པའི་ཚེས་༡༢ ནས་ཟླ་༧ པའི་ཚེས་༡༢ བར། ཡུ་རོབ་ཀྱི་རྒྱལ་ཁབ་༡༢ ཀྱི་གྲོང་ཁྱེར་ཆེ་ཁག་ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་གི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་འཚོགས་གཏན་འཁེལ་ཡོད་པ་དེ། ཏོག་དབྱིབས་ནད་དུག་འགོས་ཁྱབ་སྔོན་འགོག་གི་ཆེད་དུ་ལོ་གཅིག་རིང་ཕྱིར་འགྱངས་བྱས་ཏེ། ལོ་རྗེས་མ་སྟེ་ཕྱི་ལོ་༢༠༢༡ ལོའི་ཟླ་༦ པའི་ཚེས་༡༡ ནས་ཟླ་༧ པའི་ཚེས་༡༡ བར་འཚོག་རྒྱུ་ཐག་གཅོད་བྱས་འདུག དེ་ཡང་ཡུ་རོབ་རྐང་སྤོལ་རྩེད་འགྲན་དེ་ནི་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་རྗེས་སུ་རྒྱལ་སྤྱིའི་ནང་རྩེད་འགྲན་ཆེ་ཤོས་དང་རིན་ཐང་ཆེ་ཤོས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

ཡུ་རོབ་རྐང་སྤོལ་འགྲན་སྡུར་དེ་ཕྱིར་འགྱངས་བྱེད་རྒྱུ་གསལ་བསྒྲགས་བྱས་ནས་ཆུ་ཚོད་ཁ་ཤས་སོང་རྗེས། ལྷོ་ཨ་མི་རེ་ཁའི་རྐང་སྤོལ་རྩེད་འགྲན་དེ་ཡང་ལོ་གཅིག་རིང་ཕྱིར་འགྱངས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག

དེ་ཡང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་ཁྱབ་ལ་བརྟེན་ནས། རྒྱལ་ཁབ་སོ་སོའི་རྒྱལ་ནང་རྩེད་འགྲན་རྣམས་ཀྱང་ཕྱིར་འགྱངས་བྱེད་དགོས་འཁེལ་ཡོད་པས། ཡུ་རོབ་རྒྱལ་ཁབ་ཁག་གི་རྩེད་འགྲན་དེ་ལོ་གཅིག་རིང་ཕྱིར་འགྱངས་བྱས་པ་ལ་བརྟེན་ནས། རྒྱལ་ནང་གི་རྩེད་འགྲན་རྣམས་མཇུག་བསྒྲིལ་ཐུབ་པའི་རེ་བ་དང་དུས་ཚོད་ཐོབ་སྲིད་པ་རེད་འདུག་སྟེ། ནད་དུག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཚེ་རྒྱལ་ནང་གི་རྩེད་འགྲན་རྣམས་མཇུག་སྒྲིལ་མི་ཐུབ་ཆགས་སྲིད་པ་རེད་འདུག གང་ལྟར་ཡུ་རོབ་རྐང་སྤོལ་ལྷན་ཚོགས་ཀྱིས་ཟླ་༦ པའི་ཚེས་༣༠ སྔོན་ལ་ཡུ་རོབ་རྒྱལ་ཁབ་ཁག་སོ་སོའི་རྒྱལ་ནང་གི་རྩེད་འགྲན་རྣམས་མཇུག་སྒྲིལ་ཐུབ་པ་ཡོང་ཐབས་བྱེད་རྩིས་ཡོད་སྐོར་བསྒྲགས་འདུག

ཐག་གཅོད་དེ་ལ་བརྟེན་ནས་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་གཞན་ལ་ཡང་ཤུགས་རྐྱེན་སྤྲོད་སྲིད་པ་རེད་འདུག དཔེར་ན་ལོ་རྗེས་མའི་ནང་ཡུ་རོབ་ཀྱི་བུད་མེད་རྐང་སྤོལ་འགྲན་སྡུར་དེ་ཕྱི་ལོ་༢༠༢༢ བར་ཕྱིར་འགྱངས་བྱེད་དགོས་འཁེལ་སྲིད་པ་རེད་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་རྒྱལ་ནང་རྩེད་འགྲན་ལ་བརྟེན་ནས་མི་མང་པོ་ཞིག་ལ་ལས་ཀ་ཐོབ་ཀྱི་ཡོད་འདུག་པས། གལ་ཏེ་རྒྱལ་ནང་གི་རྩེད་འགྲན་རྣམས་གཏན་དུ་འཚོགས་མ་ཐུབ་པ་ཆགས་ཚེ། མི་མང་པོ་ཞིག་གི་འཚོ་བར་ཤུགས་རྐྱེན་ཐེབས་ངེས་རེད་འདུག འཇར་མན་ལྟ་བུ་ཆ་བཞག་ན་ཡུལ་མི་ཁྲི་དྲུག་ལས་མང་བར་རྒྱལ་ནང་གི་རྩེད་འགྲན་ལ་བརྟེན་ནས་ལས་ཀ་ཐོབ་ཀྱི་ཡོད་འདུག

དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་བར་གྱི་རྩེད་འགྲན་དེ་ལོ་གཅིག་རིང་ཕྱིར་འགྱངས་བྱས་རྐྱེན། ཡུ་རོབ་རྐང་སྤོལ་ལྷན་ཚོགས་ལ་ཡུ་སྒོར་ས་ཡ་༤༠༠ བར་གྱོང་གུད་འཕོག་རྒྱུ་ཡིན་འདུག་པ་དང་། གྱོང་གུད་དེས་ཡུ་རོབ་རྒྱལ་ཁབ་ཁག་གི་རྐང་སྤོལ་ལྷན་ཚོགས་ལ་ཤུགས་རྐྱེན་འགྲོ་རྒྱུ་རེད་འདུག 

ད་ལྟའི་ཆར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱལ་སྤྱིའི་ནང་རྩེད་འགྲན་རིགས་འདྲ་མིན་ཕྱིར་འཐེན་དང་ཕྱིར་འགྱངས་བྱེད་བཞིན་ཡོད་པ་རེད། དེ་ཡང་ཐོག་མར་ལྟད་མོ་བ་མེད་པར་རྩེད་ར་སྟོང་པའི་ནང་རྐང་སྤོལ་རྩེད་འགྲན་ཁག་ཅིག་འཚོགས་ཡོད་ཀྱང་། རྗེས་སུ་རྩེད་མོ་བ་དང་འགན་འཛིན་སོགས་ནད་དུག་འཕོག་མཁན་བྱུང་ནས། ཡུ་རོབ་དང་ཨ་རི། རྒྱ་གར་སོགས་ནང་རྩེད་འགྲན་རིགས་ཁག་ཅིག་ཕྱིར་འགྱངས་དང་ཁག་ཅིག་གཏན་དུ་ཕྱིར་འཐེན་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༥༤ ཀློག་གྲངས།