ནད་ཡམས་ཀྱི་ཛ་དྲག་སྐབས་ཀྱང་ཨ་རི་དང་རྒྱ་ནག་གི་འགལ་ཟླ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་འདུག 

རྒྱ་ནག་གིས་ཨ་རིའི་གསར་འགོད་པ་རྣམས་ཕྱིར་འཕུད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ནས་ཨ་རྒྱ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཡལ་མེད་དུ་འབྱུང་བཞིན་པའི་འགལ་ཟླ་རྣམས་རིམ་པ་གསར་པ་ཞིག་ཏུ་བསྐྱལ་འདུག 

དེ་ཡང་ཟླ་ ༣ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་ནས་བདུན་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་གསར་ཁང་ཆེ་ཤོས་གསུམ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་ཚུལ་བསྒྲགས་ཏེ་གོ་ལའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགལ་བ་དེ་རིམ་པ་གསར་པ་ཞིག་ཏུ་བསྐྱལ་འདུག 

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་བཏང་བའི་བཀའ་རྒྱ་དེའི་ནང་། ཨ་རིའི་སྙན་གྲགས་ཆེ་ཤོས་ཀྱི་གསར་ཁང་གསུམ་སྟེ། ཉིའུ་ཡོག་དུས་བབ་དང་། (the New York Times) ཝོ་ལི་སྲང་ལམ་གྱི་གསར་འགྱུར། (Wall Street Journal) ཝ་ཤིན་ཏྲོན་ཆ་འཕྲིན་(Washington Post)བཅས་ཀྱི་ཨ་རིའི་གསར་འགོད་པ་ཚོ་ལ་ཉིན་ ༡༠ ནང་ཚུན་དུ་གསར་འགོད་ཀྱི་ལག་ཁྱེར་ངེས་པར་དུ་གཞུང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། ལག་ཁྱེར་རྩིས་སྤྲོད་བྱས་རྗེས་རྒྱ་ནག་སྐམ་ས་ཆེན་པོ་ཙམ་མ་ཟད། ཧོང་ཀོང་དང་མེ་ཁོའོ་(Macau)ལའང་གསར་འགྱུར་འབྲི་སྤེལ་བྱེད་མི་ཆོག་པའི་བཀའ་བཏང་འདུག  

རྒྱ་ནག་གཞུང་ནས་དེ་ལྟར་གསར་འགོད་པ་རྣམས་ཕྱིར་འཕུད་གཏོང་དགོས་པའི་རྒྱུ་མཚན་ནི། ཟླ་བ་འདིའི་འགོ་སྟོད་ལ་ཨ་རིས་རྒྱ་ནག་གི་གསར་འགོད་པའི་ཁ་གྲངས་ལ་ཚད་བཀག་གསར་པ་བཞག་པའི་ཡ་ལན་ཡིན་ཚུལ་བཤད་འདུག ཕྱི་ཟླ་ ༣ ཚེས་ ༢ ཉིན་ཊོམ་སྲིད་གཞུང་ནས་ཨ་རིར་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ལྔའི་ལས་མིའི་ཁ་གྲངས་ལ་ཚད་བཀག་གསར་པ་ཞིག་བཀག་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ཨ་རིའི་གསར་ཁང་ Wall Street Journal ཡི་གསར་འགོད་པ་གསུམ་རྒྱ་ནག་ནས་ཕྱིར་འཕུད་བཏང་བའི་རྐྱེན་གྱིས་བཞག་པ་ཞིག་ཡིན། 

ཨ་རིའི་ཕྱི་སྲིད་དྲུང་ཆེ་མའི་ཁི-ཕོམ་ཕོའོ་(Mike Pompeo)ཡིས་རྒྱ་ནག་གི་གསལ་བསྒྲགས་དེ་“སྟབས་མ་ལེགས་པ་ཞིག”ཡིན་ཚུལ་བཤད་པའི་ཐོག རེས་གཟའ་མིག་དམར་ཉིན་གསལ་འགོད་པར་ཚོའི་དྲི་བར་ལན་འདེབས་བྱེད་སྐབས། རྒྱ་ནག་གིས་གནད་དོན་དེའི་ཐད་“བསྐྱར་དུ་བསམ་བློ་གཏོང་”བའི་རེ་བ་ཡོད་ཅེས་བཤད་འདུག ཁོང་གིས་ད་དུང་བདུན་ཕྲག་འགའི་སྔོན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གི་ལས་མིའི་ཁ་གྲངས་ལ་ཚད་བཀག་བཞག་པ་དེ་འགྲིག་ཡོད་ཚུལ་ཡང་བརྗོད་འདུག་སྟེ། ཁོང་གིས་“ང་ཚོས་བདུན་ཕྲག་འགའི་གོང་དུ་ངོས་འཛོན་བྱས་པ་དེ་དག་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་མ་ཡིན་པར། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཆ་ཤས་ཡིན་”ཞེས་བཤད་འདུག 

གལ་སྲིད་རྒྱ་ནག་དམར་ཤོག་ཚོགས་པས་བཀའ་རྒྱ་དེ་དངོས་སུ་ལག་བསྟར་བྱས་པ་ཡིན་ན། དེ་ནི་ཕྱི་ལོ་ ༡༩༧༦ ལོར་མའོ་ཙི་ཏུང་ཤི་བ་ནས་བཟུང་རྒྱ་ནག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཕྱིར་འཕུད་བཏང་བའི་ཁ་གྲངས་ཆེས་ཆེ་ཤོས་དེ་འགྱུར་རྒྱུ་ཡིན་འདུག་ལ། རྒྱལ་སྤྱིའི་གསར་ཁང་ཁག་དང་། གསར་འགོད་རང་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་རྣམས་ཀྱིས་རྒྱ་ནག་གི་བྱེད་སྟངས་དེ་ནི་གསར་འགོད་པར་འཇིགས་སྐུལ་དང་། རྒྱ་ནག་ཏུ་གསར་འགྱུར་བསྡུ་རུག་བྱེད་རྒྱུ་ཁག་ཏུ་གཏོང་བྱེད་ཀྱི་བྱ་སྤྱོད་ཅིག་ཏུ་མཐོང་གི་ཡོད་འདུག

རྒྱ་ནག་གི་ཐག་གཅོད་དེར་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་གི་འགོ་ཁྲིད་ཚོས་ཀྱང་སྐྱོན་བརྗོད་བྱས་འདུག་སྟེ། ཨ་རིའི་དུས་བབ་དུས་དེབ་(TIME Magazine)ཀྱི་རྩོམ་སྒྲིག་པ་དང་དབུ་འཛིན་གྱིས་“ང་ཚོས་རྒྱ་ནག་གཞུང་ངམ་སྲིད་གཞུང་གཞན་སུ་ཞིག་གིས་གསར་འགོད་པ་ཕྱིར་འཕུད་གཏོང་ཐབས་བྱེད་པའམ། ལྷག་པར་དུ་འཛམ་གླིང་ལ་གལ་གནད་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ཏུ་ཡང་དག་པའི་གནས་ཚུལ་མཁོ་སྤྲོད་བྱེད་པའི་ལས་དོན་སྒྲུབ་མཁན་རྣམས་ལ་འཇིགས་སྣང་སྐུལ་ཐབས་བྱེད་པ་དེར་ངོ་རྒོལ་ཡོད་”ཅེས་སྨྲས་འདུག 

གཞན་ཡང་། ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་སྟེ་ད་ཆ་འཛམ་གླིང་ཁྱོན་ལ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་རྩོད་གཞི་གསར་ཤོས་ཤིག་ཏུ་གྱུར་འདུག་སྟེ། ཉེ་ཆར་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཨ་རི་ཡིན་པའི་འཁྱོག་བཤད་བྱས་པའི་ལན་དུ། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ནད་ཡམས་དེ་ལ་“རྒྱ་ནག་གི་ནད་དུག”ཅེས་བོས་ཏེ་ཕན་ཚུན་ལེ་བདའ་དང་ངན་ཁག་དཀྲི་རེས་བྱེད་བཞིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༩༡༧ ཀློག་གྲངས།