ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཟླ་ ༣ ཚེས་ ༡༧ ཉིན་བྱང་ཨར་ལན་ཌིའི་ཞི་བའི་ལས་འགུལ་བ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་བྷེ་ཊི་ཝིལ་ཡེམ་སི་ Betty Williams རང་གི་ཁྱིམ་དུ་ལོ་ན་༧༦ ལ་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་ཡོད་འདུག

དེ་ཡང་༧གོང་ས་མཆོག་གིས་འདས་པོ་ཁོང་གི་ཚ་བོར་ཐུགས་གསོའི་གསུང་འཕྲིན་བསྩལ་དོན་ལ། ༧གོང་ས་མཆོག་ནས་ལོ་མང་རིང་དམ་པ་ཁོང་དང་ནོ་སྦེལ་ཞི་བདེའི་དེད་དཔོན་གཞན་ལྷན་དུ། འཛམ་གླིང་ཁྲོད་ཀྱི་རྩོད་རྙོག་རྣམས་འཚེ་བའི་ཐོག་ནས་མ་ཡིན་པར་གྲོས་མོལ་དང་ཞི་བདེའི་ཐོག་ནས་འདུམ་འགྲིག་གནང་ཕྱོགས་ཐད་ལ་ཕྱག་ལས་གནང་ཡོད་པ་དང་། དམ་པ་ཁོང་ནི་དཀའ་ངལ་གང་འདྲ་ཞིག་ཡིན་ཀྱང་ཞི་བའི་ཐོག་ནས་སེལ་བའི་ཆོད་སེམས་བརྟན་པོས་ཕྱག་ལས་གནང་མཁན་ཞིག་ཡིན་པ། དེ་སྔོན་དམ་པ་ཁོང་དང་ལྷན་དུ་མཇལ་འཕྲད་མཛད་རྒྱུའི་གོ་སྐབས་ལན་མང་བྱུང་ཡོད་པར་མ་ཟད། ཁོང་གིས་ཞི་བདེའི་སྤྱི་ཚོགས་དང་རྒྱལ་ཁབ་འཛུགས་སྐྲུན་ཐོག་ཕྱག་ལས་གནང་ཁག་ལ་ཡི་རང་སྔགས་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན་པར་བཀའ་བསྩལ་པ་དང་སྦྲགས། ཁོང་དགོངས་པ་རྫོགས་པ་དེ་ནི་ཞི་བདེའི་ཆེད་དུ་ཕྱག་ལས་གནང་མཁན་མི་སྣ་རླབས་ཆེན་ཞིག་མེད་པ་གྱུར་ཡོད་པར་བཀའ་བསྩལ་ཏེ་དམ་པ་ཁོང་ལ་རྗེས་དྲན་ཞུ་ཐབས་ཡག་ཤོས་ནི་ཚང་མས་རང་ཉིད་ཀྱི་སེམས་ནང་ཞི་བདེ་སྐྲུན་པ་བརྒྱུད་ནས་ཞི་བདེ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ཡིན་པའི་གསུང་འཕྲིན་བསྩལ་གནང་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་ཐུགས་གསོ་གནང་དོན། ལྕམ་སྐུ་བྷེ་ཊི་ཝིལ་ཡེམ་སི་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་རང་བློ་ཕམ་ཧ་ཅང་བྱུང་། དམ་པ་ཁོང་ནི་འཛམ་གླིང་ནང་ཞི་བདེའི་ལས་འགུལ་བ་གྲགས་ཅན་ཞིག་ཡིན་ཞིང་། བྱང་ཕྱོགས་ཨ་ཡིར་ལེནྜིའི་ནང་ཞི་བདེའི་ལས་འགུལ་སྤེལ་མཁན་གཙོ་གྲས་ཞིག་ཀྱང་ཡིན།  ཕྱི་ལོ་ ༡༩༧༦ ལོར་ཞི་བདེའི་མི་མང་ཞེས་པའི་ཚོགས་པ་བཙུགས་ནས་བྱང་ཕྱོགས་ཨ་ཡིར་ལེནྜིར་ཞི་བདེ་གོང་འཕེལ་སླད་འབད་བརྩོན་ཧ་ཅང་གནང་འབྲས་སུ་དམ་པ་ཁོང་ལ། ཕྱི་ལོ་ ༡༩༧༦ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་འདུག 

ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དམ་པ་ཁོང་ཐུགས་འདྲིས་ཧ་ཅང་ཆེ་ཞིང་། བོད་མི་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་ཞེས་གསུངས་འདུག  

ཁོང་ནི་ཕྱི་ལོ་༡༩༤༣ ལོའི་ཟླ་༥ པའི་ཚེས་༢༢ ཉིན་བྱང་ཨར་ལན་ཌིར་འཁྲུངས་ཡོད་པ་དང་། ཁོང་གིས་རྒྱལ་ཁབ་དེའི་ནང་གི་རྩོད་རྙོག་སེལ་ཐབས་སུ་ཚོགས་པ་གསར་འཛུགས་ཀྱིས། ལས་དོན་ཆེན་པོ་སྤེལ་བར་བརྟེན་ཕྱི་ལོ་༡༩༧༦ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་འདུག ཁོང་གིས་ཞི་བདེ་དང་ཤེས་ཡོན། རིག་གཞུང་དང་ཆོས་ལུགས་མི་འདྲ་བའི་བར་བསམ་ཤེས། ཕྱོགས་ལྷུང་གི་དྲག་སྤྱོད་ལ་ཁ་གཏད། དེ་བཞིན་བྱིས་པའི་ཐོབ་ཐང་སོགས་ཀྱི་ཐོག་ལ་ལས་དོན་དང་གཏམ་བཤད་རྒྱ་ཆེར་གནང་འདུག 

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༣༤༩ ཀློག་གྲངས།