ཆབ་སྲིད་བཙོན་ཟུར་ཞིག་གྲོངས་འདུག

རྒྱ་ནག་གཞུང་གིས་བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་བར་བརྟེན། ཡུན་རིང་ནད་ཀྱིས་མནར་ཏེ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་ཟླ་༣ པའི་ཚེས་༡༧ ཉིན་ཕ་ཡུལ་ལི་ཐང་དུ་གྲོངས་ཡོད་འདུག་པ་དང་། ཁོང་དགུང་ལོ་༦༠ ཙམ་ལ་སླེབས་ཀྱི་ཡོད་འདུག

ཁོང་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གིས་ཕྱག་བཏབ་པའི་ཁམས་ནཱ་ལེན་དྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་དགོན་པའི་དགེ་བསྐོས་ཟུར་པ་ཡིན་པ་དང་། ཕྱི་ལོ་༢༠༠༢ ལོའི་ཟླ་༤ པ་ཙམ་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་ཀྱིས་འབར་རྫས་གས་གཏོར་དང་འབྲེལ་ནས་འཛིན་བཟུང་བྱེད་སྐབས། བཀྲ་ཤིས་ཕུན་ཚོགས་ལགས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པར་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ཐོག་མར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་ལོ་བདུན་གྱི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར། ལོ་གཅིག་ཙམ་ལས་བཙོན་ཁང་དུ་འདུག་མ་ཐུབ་པར་ནད་གཅོང་དུ་གྱུར་ཏེ་སྨན་ཁང་ནས་ཤི་གྲབས་བྱེད་སྐབས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་འདུག

དེ་སྔོན་ཕྱི་ལོ་ ༡༩༩༣ ལོར་ཉག་ཆུ་རྫོང་ནགས་ལས་ཁང་གིས་གཞུང་གི་ཐོབ་དབང་ཟེར་བའི་ཤིང་ནགས་གཅོད་འབྲེག་གི་ལས་འགུལ་ཞིག་ཨོ་ཐོག་སྡེ་དྲུག་གི་ས་གནས་སུ་སྤེལ་སྐབས། ཁོང་གིས་དབུ་ཁྲིད་པའི་ཡུལ་མི་རྣམས་ཀྱིས་བཀག་འགོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་བཞིན། ཕྱིས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་དང་འབྲེལ་ཡོད་ཀྱི་མི་མང་པོ་རྒྱ་ནག་གིས་འཛིན་བཟུང་བྱས་པ་ལྟར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱང་གས་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པར་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༩༦ ཀློག་གྲངས།