འཛམ་གླིང་ཡོངས་སུ་ཁྱབ་པའི་ནད་ཡམས་སློང་བྱེད་ཀྱི་ནད་འབུ་ལ་མིང་མ་ནོར་བ་ཞིག་འདོགས་དགོས། 

 

ཨེ་ཕོ་ཁི་དུས་བབ་(The Epoch Times)ཀྱི་རྩོམ་སྒྲིག་པའི་གཏམ། 

དཀོན་མཆོག་རབ་བརྟན་གྱིས་བོད་སྒྱུར་ཞུས།

(ནང་དོན་ལ་གཙོ་བོར་དམིགས་ནས་བསྒྱུར་བ་ཡིན།)

ཉེ་ཆར་འཛམ་གླིང་ཡོངས་སུ་ཁྱབ་པའི་ནད་ཡམས་སློང་བྱེད་ཀྱི་ནད་འབུ་ལ་མིང་ཅི་ཞིག་འདོགས་དགོས་མིན་ཐད་ལ་རྩོད་རྙོག་འབྱུང་གིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་ནད་འབུ་དེར་“ཏོག་དབྱིབས་ནད་དུག་གསར་པ”(novel coronavirus)ཞེས་འབོད་ཀྱི་ཡོད་པ་དང་། གཞན་རྣམས་ཀྱིས་ནད་འབུ་དེའི་འབྱུང་ཁུངས་ཀྱི་ཆ་ནས་“ཝུའུ་ཝན་ནད་འབུ”ཅེས་ཟེར་ཞིང་། དེ་ནི་རྒྱུན་པར་ནད་རིགས་རྣམས་ཀྱི་མིང་འབྱུང་སའི་གནས་ཀྱི་རྗེས་སུ་འདོགས་པའི་ལུགས་སྲོལ་དང་མཐུན་ནས་ཡོད། 

ངེད་ཨེ་ཕོ་ཁི་དུས་བབ་(The Epoch Times)ཀྱིས་ནད་འབུ་འདིའི་ཡང་དག་པའི་མིང་ལ་“དམར་ཤོག་ཚོགས་པའི་ནད་འབུ”ཞེས་འདོགས་དགོས་ཟེར་གྱི་ཡོད་ལ། གཞན་ཚོར་ཡང་མིང་འདི་རང་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

མིང་འདིའི་ནང་དུ་དམར་ཤོག་ཚོགས་པས་འཛེམ་བག་མེད་པར་གདུག་རྩུབ་ཆེན་པོས་འགྲོ་བ་མིའི་ཚེ་སྲོག་རྡོག་རོལ་བཏང་བ་དང་། དེའི་མཇུག་འབྲས་སུ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱེ་བོ་བགྲང་ལས་འདས་པའི་ཚེ་སྲོག་ལ་ཉེན་ཁ་སྤྲོད་མཁན་གྱི་ནད་ཡམས་ཤིག་རྒྱ་ཁྱབ་ཏུ་ཕྱིན་པ་དང་སྦྲགས། ནད་རིགས་འདིར་ཁ་གཏད་གཅོག་ཐབས་བྱེད་བཞིན་པའི་རྒྱལ་ཁབ་ཚོ་ལ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་དང་། འཇིགས་སྣང་དང་དངངས་འཚབ་ཚད་མེད་སློང་བཞིན་ཡོད་པ་བཅས་འདུས་ཡོད།

ཡང་གཅིག་བཤད་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ན་ནིང་ཕྱི་ཟླ་བཅུ་གཉིས་ཀྱི་འགོ་སྟོད་ནས་ནད་འབུ་དེ་ཝུའུ་ཧན་གྲོང་ཁྱེར་དུ་ཁྱབ་པ་ཤེས་ཡོད་ན་ཡང་། གནས་ཚུལ་དེ་བདུན་ཕྲག་དྲུག་རིང་གསང་ནས་བསྡད་པ་རེད། ཁོ་ཚོས་ཉེན་བརྡ་གཏོང་ཐབས་བྱེད་མཁན་གྱི་མི་རྣམས་ལ་“དཀྲོག་གཏམ”སྤེལ་བའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་པའི་ཐོག དྲ་ཐོག་ལ་སྟངས་འཛིན་དྲག་པོ་བྱས་ཏེ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་གང་ཡང་མ་ཁྱབ་པ་བགྱིས་ཡོད།

དེར་བརྟེན་འགོག་སྲུང་ཐུབ་སྲིད་པའི་ནད་ཡམས་དེ་ཁུ་སིམ་མེར་མཆེད་དུ་བཅུག་སྟེ་རྒྱ་ནག་ཁྱོན་ཡོངས་ལ་ཁྱབ་པ་རེད།  རང་སྲུང་བྱེད་ཐུབ་སྲིད་པའི་མི་སྒེར་རྣམས་གནོད་འཚེ་ཕོག་ཡུལ་དུ་གྱུར་ཞིང་། ཁ་གྲངས་ལ་རྒྱ་ནག་དམར་ཤོག་ཚོགས་པས་ངོས་ལེན་བྱས་པའི་ལས་ལྡབ་ཀྱིས་མང་བ་ཡོད། ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་བསླེབས་དུས། ཝུའུ་ཧན་གྲོང་ཁྱེར་གྱི་རོ་སྲེག་ཁང་ཚང་མས་གཟའ་མཇུག་གི་ངལ་གསོ་མེད་པར་ཉིན་མཚན་དུས་དྲུག་ཏུ་ཕུང་པོ་མེ་སྲེག་གཏོང་རྒྱུར་བྲེལ་བཞིན་པའི་གནས་ཚུལ་བྱུང་ཡོད། 

དེ་དང་ཆབས་ཅིག་ཝུའུ་ཧན་གྱི་མི་མང་རྣམས་ལ་སྟངས་འཛིན་དང་ཟུར་བཀག་བྱེད་སྟངས་དེ་ནི་མི་སྤྱོད་དང་ཡོངས་སུ་འདས་པ་ཞིག་རེད་དེ། ཁང་བརྩེགས་རྣམས་ཀྱི་སྒོ་ལ་ཚ་ལ་བརྒྱབ་ནས་བཞག་པ་རེད་ལ། གནས་སྐབས་ཀྱི་“སྨན་ཁང་”བསྐྲུན་པ་རྣམས་དོན་དངོས་ཐོག་ནད་འབུ་འགོས་པ་ཚོའི་བཙོན་ཁང་ལྟ་བུར་གྱུར་ཡོད་དེ། “སྨན་ཁང་”དེ་དག་ནང་སྨན་བཅོས་དང་ཁ་ཟས་མེད་པར་བཙུད་པས། ཉམ་ཐག་པའི་ནད་པ་དེ་དག་མ་ཤི་བར་དུ་ལུས་པ་རེད།

རྒྱ་ནག་ལ་འཕྲད་བཞིན་པའི་ཉེན་ཁའི་རྫུན་གཏམ་ཁྲོད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱུན་ལྡན་གྱི་བྱ་སྤྱོད་དེ་སྤེལ་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་བཤད་རྒྱུ་གཙོ་བོ་ནི་དམར་ཤོག་ཚོགས་པ་“རླབས་ཆེ་བ་དང་། གཟི་བརྗིད་ལྡན་པ། ཡང་དག་པ་”ཡིན་ཚུལ་དེ་རེད། འོན་ཀྱང་། ཝུའུ་ཧན་དུ་ “རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ་”བྱུང་བའམ། ཕྱི་ལོ་ ༢༠༠༣ ལོར་སཱར་སི་ནད་ཡམས་(SARS)བྱུང་བ་དེ་ཁོ་ཚོའི་སྐད་ཆ་དང་མཐུན་གྱི་མེད། དེ་བས་སཱར་སི་སྐབས་བྱུང་བ་ལྟར། ཁོ་ཚོའི་ཡ་ལན་ཐོག་མ་ནི་ནད་ཡམས་ཡོད་པར་ཁས་ལེན་མི་བྱེད་པ་དེ་རེད། 

ཡིན་ན་ཡང་། ནད་འབུ་འདི་ལ་ཁ་གཏད་གཅོག་སྐབས་ཁས་ལེན་མ་བྱས་པས་འགྲིག་ཐབས་མེད། འཛམ་གླིང་གིས་ནད་འབུ་འདིའི་འབྱུང་ཁུངས་ཤེས་དགོས་ན་ཡང་། དམར་ཤོག་ཚོགས་པས་མཉམ་ལས་གཞོགས་འདེགས་བྱེད་ཀྱི་མེད་པ་དང་། ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་རྣམས་ཝུའུ་ཧན་དུ་འགྲོ་རུ་བཅུག་མེད། 

དེ་བཞིན་རྒྱ་ནག་གི་ནད་འབུ་བརྟག་དཔྱད་ཁང་གཅིག་པུ་སྟེ། ཝུའུ་ཧན་ནད་འབུ་བརྟག་དཔྱད་ཁང་(Wuhan Institute of Virology)གི་བྱ་སྤྱོད་ལ་སེམས་འཚབ་བྱེད་མཁན་ཡོད། གཞུང་གིས་བཤད་པའི་ནད་འབུའི་འབྱུང་ཁུངས་དེ་ར་སྤྲོད་བྱེད་ཐུབ་མེད་སྟབས། “རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ”འདི་ནད་འབུ་བརྟག་དཔྱད་ཁང་དེ་ནས་ཕྱི་རུ་ཤོར་བ་ཞིག་ཡིན་པའི་དོགས་པ་བྱུང་ཡོད། 

གང་ལྟར། ནད་འབུའི་འབྱུང་ཁུངས་གང་ཡིན་སྐོར་གྱི་དྲི་བ་རྣམས་ཆུ་ནང་རྡོ་འཕངས་སུ་ཕྱིན་པ་དང་ལྷན། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རི་ལ་ངན་ཁག་དྲག་པོ་དཀྲི་འགོ་བརྩམས་ཡོད། དེ་ལ་འཛམ་གླིང་ཁྲེལ་བགོད་མ་ཤོར་ན་མགོ་བོ་འཐོམས་སུ་འཇུག་ངེས་རེད། དེར་ཨ་རིའི་སྲིད་འཛིན་ཊོམ་གྱིས་“རྒྱ་ནག་གི་ནད་འབུ”ཞེས་བཤད་དེ་ཕྱིར་འཁོན་ལན་བསློགས་ཡོད།

ཡིན་ན་ཡང་། རྒྱ་ནག་དམར་ཤོག་ཚོགས་པས་སོ་སོའི་ནང་ལོགས་ཀྱི་མི་མང་ཚོའི་ཆེད་དུ་ཨ་རི་ལ་ངན་ཁག་དེ་དག་དཀྲིས་པ་ཡིན་ངེས་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཐོག་མར་ནད་འབུ་ཡོད་པའི་ཁས་ལེན་མ་བྱས་ཏེ་རྒྱ་ནག་མི་མང་ལ་གནོད་འཚེ་བཏང་བ་རེད་ལ། ད་ལྟ་སོ་སོའི་བྱ་སྤྱོད་ཀྱི་འགན་གཞན་ལ་གཡོགས་ཏེ་སླར་ཡང་གནོད་འཚེ་གཏོང་ཐབས་བྱེད་ཀྱི་ཡོད། 

གནས་ཚུལ་འདིས་གནོད་འཚེ་གཏོང་མཁན་དང་ཕོག་ཡུལ་གཉིས་དབྱེ་བ་འབྱེད་སླད། “རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ་”ཞེས་པའི་མིང་འདི་དགོས་པ་སྟོན་གྱི་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་ཁེངས་དྲེགས་དང་། ནུས་མེད་ལ་བརྟེན་ནས་ཝུའུ་ཧན་དང་རྒྱ་ནག་གི་མི་མང་རྣམས་གནོད་འཚེ་ཕོག་པ་དང་། ཡོངས་ཁྱབ་ཀྱི་ནད་ཡམས་འདི་བརྒྱུད་ནས་མངོན་ཡོད།

“རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ་”ཞེས་པའི་མིང་འདིས་ད་དུང་ཉེན་བརྡའང་གཏོང་ཐུབ་སྟེ། རྒྱ་ནག་གི་བློ་ཐག་ཉེ་བའི་མཐུན་གྲོགས་རྒྱལ་ཁབ་ཨི་རན་དང་། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་བདུན་(G-7)ནས་བརྒྱུད་གཅིག་ལམ་གཅིག་(the Belt and Road Initiative)ལ་མཚན་རྟགས་འགོད་མཁན་གཅིག་པུར་གྱུར་བའི་ཨི་ཏྲ་ལིའི་ནང་དུ་ནད་པ་མང་པོ་འབྱུང་བཞིན་པ་ལས་མཐོང་བ་ལྟར། ནད་ཡམས་འདིའི་དཀའ་སྡུག་མང་ཤོས་མྱོང་མཁན་ནི་རྒྱ་ནག་དམར་ཤོག་ཚོགས་པར་བློ་ཐག་ཉེ་བའི་རྒྱལ་ཁབ་དང་མི་སྒེར་རྣམས་ཆགས་ཡོད། རྒྱ་ནག་དམར་ཤོག་ཚོགས་པར་ཤིན་ཏུ་དོགས་ཟོན་བྱེད་མཁན་གྱི་ཐའེ་ཝན་དང་ཧོང་ཀོང་གཉིས་སུ་ནད་པ་ལྟོས་བཅས་ཀྱིས་ཉུང་བ་བྱུང་ཡོད། 

མཇུག་མཐར། “རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ་”འདིས་འཛམ་གླིང་མི་མང་ལ་ནད་འབུའི་འབྱུང་ཁུངས་ཀྱང་གདུག་འདྲེ་ཡིན་པའི་དྲན་གསོ་བྱེད་ཀྱི་ཡོད། འདི་ནི་དམར་ཤོག་གྱི་ནད་འབུ་ཞིག་ཡིན་ཞིང་། ངེས་ཨེ་ཕོ་ཁི་དུས་བབ་ཀྱིས་འདི་ལ་“རྒྱ་ནག་དམར་ཤོག་ཚོགས་པའི་ནད་འབུ་”ཞེས་པའི་མིང་འདི་བཏགས་ཏེ་འཛམ་གླིང་ལ་ནད་འབུ་འདིའི་བཅོས་ཐབས་དྲན་སྐུལ་བྱེད་ཀྱི་ཡོད་དེ། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པ་མེད་པ་བཟོ་རྒྱུ་དེ་ཡིན། ། 

Share this:
༩༡༦ ཀློག་གྲངས།