རྒྱ་ནག་གིས་ནད་ཡམས་རྗེས་སུ་དཔལ་འབྱོར་ཨང་དང་པོ་བྱ་བའི་འཆར་གཞི་འདིངས་བཞིན་འདུག

དཔྱད་ཞིབ་ཀྱི་སྙན་ཐོ་གསར་པ་ཞིག་གི་གྲུབ་དོན་ལྟར་ན། རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱིས་གོ་ལ་ཧྲིལ་བོ་ཟང་ཟིང་དུ་བསྒྱུར་བའི་ཛ་དྲག་གི་དུས་སྐབས་ཁྲོད། རྒྱ་ནག་གིས་ཨ་རིའི་དཔལ་འབྱོར་ལས་སྔོན་དུ་འགྲོ་བའི་གོ་སྐབས་དམ་འཛིན་བྱེད་བཞིན་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་༢༣ཉིན་ཨ་ཕོ་ཁི་གསར་ཁང་(The Epoch Times)གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་ཚོགས་པ་ Horizon Advisory ནས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གིས་འཇིགས་སུ་རུང་བའི་ནད་ཡམས་འདིའི་རྗེས་སུ་ཨ་རི་ལས་བརྒལ་ནས་འཛམ་གླིང་སྟེང་གི་དཔལ་འབྱོར་ཨང་དང་པོ་དེ་བྱ་བའི་འཆར་གཞི་འདིངས་བཞིན་ཡོད་འདུག འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ཀྱིས་རང་ནུས་ཡོད་རྒུས་ཡོངས་ཁྱབ་ནད་ཡམས་འདི་ལ་ཁ་གཏད་གཅོག་པའི་འབད་བརྩོན་བྱེད་པའི་སྐབས་དང་བསྟུན་ནས། རྒྱ་ནག་གིས་གལ་གནད་ཆེ་བའི་བཟོ་ལས་རྣམས་རྒྱ་སྐྱེད་བྱས་ཏེ་གོ་ལ་ཡོངས་ཀྱི་ཐོན་སྐྱེད་ལ་སྟངས་འཛིན་བྱེད་པའི་བྱུས་ངན་འཐེན་བཞིན་ཡོད་འདུག

གྲོང་ཁྱེར་ཝུའུ་ཧན་ནས་ལོ་སྔོན་མའི་ཕྱི་ཟླ་༡༡ནང་ནད་ཡམས་འདི་ཐོག་མར་བྱུང་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་སྦས་སྐུང་བྱས་པའི་ཐོགའཇིགས་སུ་རུང་བའི་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་ཡོད་པའི་ཉེན་བརྡ་གཏོང་མཁན་རྣམས་ཀྱང་འཛིན་བཟུང་བཀག་ཉར་བྱས་ཏེ་འཐུས་ཤོར་བཏང་བ་དེས། ཕྱི་ལོ་ ༡༩༡༨ ལོའི་ཡོངས་ཁྱབ་ནད་ཡམས་(Spanish Flu)རྗེས་སུ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་འདི་འབྱུང་དུ་བཅུག་ཡོད། 

Horizon Advisory ནས་བཏོན་པའི་སྙན་ཐོ་དེར་གཞིགས་ན།འདས་པའི་ལོ་གསུམ་རིང་ཊོམ་སྲིད་གཞུང་ནས་རྒྱ་ནག་ལ་ཁ་གཏད་གཅོད་པའི་ཐབས་བྱུས་ལ་རྒྱལ་ཁ་འཐོབ་བཞིན་ཡོད། འོན་ཀྱང་། ད་ལྟ་ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་ཨ་རིའི་ཚོང་ལས་དང་སློབ་གྲྭ་རྣམས་སྒོ་བརྒྱབ་སྟེ་ཟང་ཟིང་དུ་གྱུར་ཡོད་པ་དེས།རྒྱ་ནག་དམར་ཤོག་ཚོགས་པ་ལ་དཔལ་འབྱོར་དང་། ཆབ་སྲིད། དམག་ཤུགས་བཅས་ཀྱི་ཐོག་ནས་ཨ་རི་ལས་བརྒལ་ཏེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་བྱེད་པའི་ཕུགས་བསམ་དེ་མངོན་དུ་སྒྱུར་བའི་གོ་སྐབས་བླ་ན་མེད་པ་སྟེར་ཡོད་འདུག 

དོན་དངོས་ཐོགརྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་བཀག་འགོག་དང་སྟངས་འཛིན་ཐུབ་ཡོད་ཚུལ་བསྒྲགས་ཏེ་འཛམ་གླིང་ནང་སོ་སོའི་སྣང་བརྙན་ལེགས་སུ་གཏོང་བའི་འགོ་བརྩམས་ཟིན་པ་མ་ཟད། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་རྒྱ་ནག་གི་རྫུན་བསྒྲགས་རྣམས་བསྐྱར་དུ་བསྒྲགས་ནས་རྒྱ་ནག་གི་མངོན་འདོད་སྒྲུབ་བཞིན་ཡོད་འདུག

རྒྱ་ནག་ཉམས་ཞིབ་པ་ཁཱར་ཋ་སི-ཨེ་ལི་སི་(Curtis Ellis)ཡིས་རྒྱ་ནག་དམར་ཤོག་ཚོགས་པའི་གཡོ་བྱུས་གསར་པ་དེའི་ཐད་ལ་འདི་ལྟར་བརྗོད་འདུག་སྟེ། “ནད་ཡམས་གསར་པ་དེ་འགེབས་ཐབས་དང་འཛམ་གླིང་ལ་ཁྱབ་ཏུ་བཅུག་རྗེས། པེ་ཅིང་གི་དབང་འཛིན་མི་སྣ་ཚོས་འཛམ་གླིང་གི་སྨན་བཅོས་ཡོ་ཆས་ཡོངས་རྫོགས་ཉོས་ཟིན་པ་དང་། དེ་ནས་ཁོ་ཚོས་རང་ཉིད་འཛམ་གླིང་སྐྱོབ་མཁན་གྱི་དཔའ་བོ་ཡིན་པའི་སྣང་བརྙན་སྐྲུན་པ་སྦྲགས། གལ་གནད་ཀྱི་ཡོ་ཆས་དེ་དག་ཨེ་ཏྲ་ལི་ལ་འཚོང་བཞིན་ཡོད། དེ་ནི་མེ་སྐྱོན་སློང་མཁན་ཞིག་གིས་མེ་གསོད་རུ་ཁག་བོས་པ་ཡིན་ཞེས་དཔའ་གཏམ་སྒྲོག་པ་དང་གཉིས་སུ་མེད།”

ཁོང་གིས་ད་དུང་ཡོངས་ཁྱབ་ནད་ཡམས་ཀྱི་དབང་གིས་ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་ཚོང་ལས་རྣམས་སྒོ་བརྒྱབ་ནས་ཡོད་སྐབས། པེ་ཅིང་གིས་གོ་སྐབས་དེ་བཟུང་སྟེ་སོ་སོའི་སྟོབས་ཤུགས་རྒྱ་སྐྱེད་དང་། གོ་ལའི་ཐོན་སྐྱེད་ལ་སྟངས་འཛིན་ནན་པོ་བྱེད་རྒྱུ་ཡིན་སྐོར་ཡང་བརྗོད་འདུག 

གཞན་ཡང་། ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཧྥི་ལིད་ཕིན་གྱི་གསར་ཁང་ཁག་ནས་སྤེལ་བའི་གནས་ཚུལ་ནང་། ཧྥི་ལིད་ཕིན་གྱི་སྲིད་གཞུང་དང་། མི་མང་གཉིས་ནད་ཡམས་འགོག་སྲུང་བྱེད་རྒྱུར་བྲེལ་བཞིན་པའི་གོ་སྐབས་དང་བསྟུན་ནས། རྒྱ་ནག་གིས་ཧམ་ཤེད་ཆེན་པོས་སོ་སོའི་མངའ་ཁོངས་ཡིན་སྐོར་སྒྲོག་བཤད་པའི་ཧྥི་ལིད་ཕིན་གྱི་མཚོ་ཐོག་ཏུ་ཞིབ་འཇུག་གི་ལྟེ་གནས་གཉིས་གསར་སྐྲུན་ལེགས་འགྲུབ་བྱུང་བྱས་ཚུལ་ཡང་འཁོད་འདུག

གོང་དུ་འཁོད་པའི་སྙན་ཐོ་དེར་ད་དུང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་། གཞུང་འབྲེལ་བཟོ་ཚོང་ཁང་རྣམས་ཀྱི་སྣེ་ཁྲིད་མི་སྣ་ཚོའི་སྐད་ཆ་དང་ཡི་གེ་རྣམས་བཀོད་འདུག་པའི་ནང་། རྒྱ་ནག་གིས་“དཀའ་ཉེན་དེ་གོ་སྐབས་སུ་སྒྱུར་དགོས་པ་”དང་། “གོ་སྐབས་དམ་འཛིན་བྱེད་དགོས་པ།” “གལ་འགངས་ཆེ་བའི་གོ་སྐབས་བཟང་པོ་དེ་ཡོངས་སུ་ལོངས་སྤྱོད་དགོས་”པ་སོགས་ནན་བརྗོད་བྱས་ཡོད་པ་ལྟར། རྒྱ་ནག་གིས་རྒྱལ་ཁབ་གཞན་ཐམས་ཅད་རང་ཉིད་ལ་སྔར་བས་ཀྱང་ཆེ་བར་བརྟེན་ནས་སྟུན་དགོས་པའི་གནས་སྟངས་ཤིག་བཟོ་བའི་འབད་བརྩོན་བྱེད་སྒང་ཡིན་འདུག།

གསར་འགོད་པ་དཀོན་མཆོག་རབ་བརྟན།   

Share this:
༧༩༣ ཀློག་གྲངས།