༧གོང་ས་མཆོག་གིས་ཏོག་དབྱིབས་ནད་ཡམས་བཀག་འགོག་ཆེད་དུ་ཞལ་འདེབས་བསྩལ།

༧གོང་ས་མཆོག་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཤྲི་ཇེེ་རཱམ་ཋཱ་ཀུར་(Shri Jai Ram Thakur)ལ་གསུང་འཕྲིན་ཞིག་བསྩལ་ཏེ། ཁོང་གིས་ཉིན་རེ་བཞིན་ནད་ཡམས་བཀག་འགོག་ལ་འབད་བརྩོན་བྱེད་བཞིན་པར་རྒྱབ་སྐྱོར་གནང་བའི་ཐོག མངའ་སྡེའི་ཉམ་ཐག་ཚོའི་ཆེད་དུ་ཞལ་འདེབས་ཀྱང་བསྩལ་འདུག 

དེ་རིང་སྟེ་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ལ་གསུང་འཕྲིན་ཞིག་བསྩལ་ཏེ་མངའ་སྡེ་དེ་གའི་ཏོག་དབྱིབས་ནད་ཡམས་བཀག་འགོག་གི་ལས་འགུལ་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་འདུག

ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གསུམ་བྱུང་བ་ལས། གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དེ་ཨ་རི་ནས་ཕྱིར་ལོག་པའི་བོད་མི་ཞིག་ཡིན།

༧གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་།  “ངོས་རང་ཧི་མ་ཅལ་མངའ་སྡེ་འདི་རུ་ཕ་ཡུལ་ལྟར་ལོ་ངོ་ ༦༠ ཙམ་རིང་བསྡད་པའི་རྐྱེན་གྱིས། རང་བཞིན་གྱིས་ཧི་མ་ཅལ་མངའ་སྡེའི་མི་མང་ལ་སེམས་ཐག་ཉེ་བོར་ཚོར་གྱི་ཡོད། དེར་བརྟེན། ངོས་ཀྱིས་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐེབས་རྩ་བརྒྱུད་མགོན་མེད་ཉམ་ཐག་ཚོར་ཉིན་རེའི་དགོས་མཁོའི་བཟའ་བཅའ་དང་། སྨན་རིགས་སོགས་སུ་འགྲོ་གྲོན་གཏོང་ཆེད་ཞལ་འདེབས་ཕུལ་གྱི་ཡོད”ཅེས་བཀའ་གནང་འདུག 

གསུང་འཕྲིན་དེའི་མཇུག་ཏུ། ཁོང་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་དབུ་ཁྲིད་ལམ་སྟོན་འོག་ཏུ་དབུས་གཞུང་ནས་ནད་ཡམས་བཀག་འགོག་གི་ལས་འགུལ་རབ་དང་རིམ་པར་སྤེལ་བཞིན་པ་དེ་དག་གིས་ནུས་པ་འཐོན་པར་ཡིད་ཆེས་ཡོད་ཚུལ་ཡང་གསུངས་འདུག 

རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་ཡམས་དེ་ད་ཆ་འཛམ་གླིང་ཁྱོན་ལ་ཁྱབ་ནས་ཉིན་རེ་ལས་མ་འདས་པར་དཀའ་ཉེན་ཇེ་ཆེར་འགྱུར་བཞིན་ཡོད་སྟབས། རྒྱ་གར་གཞུང་ནས་སྔར་གཏན་ནས་བྱུང་མྱོང་མེད་པའི་ཐབས་ལམ་དྲག་པོ་བཀོལ་ནས་ནད་ཡམས་དེ་འགོག་ཐབས་བྱེད་ཀྱིན་ཡོད་དེ། བདུན་འདིའི་རེས་གཟའ་མིག་དམར་ཉིན་སྲིད་བློན་མོ་དྷི་ཡིས་རྒྱ་གར་རྒྱལ་ཡོངས་མ་མཐར་ཡང་ཉིན་ ༢༡ རིང་སྒོ་རྒྱག་དགོས་པའི་བཀའ་རྒྱ་ཕབ་པ་ལྟར། ད་ལྟ་ལག་བསྟར་ནན་པོ་བྱེད་བཞིན་ཡོད།།

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༥༠༤ ཀློག་གྲངས།