སྐྱིད་སྡུག་མཉམ་མྱོང་གི་ར་སྤྲོད་གཉིས།

རྒྱ་ནག་གཞུང་གིས་དུས་རྒྱུན་བོད་ཀྱི་འཐབ་རྩོད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་དང་དུས་མཉམ་ཡིན་པར་ངོས་འཛིན་གྱིས་སྲིད་བྱུས་རབས་དང་རིམ་པ་སྤེལ་བཞིན་ཡོད་པ་མ་ཟད། བོད་པའི་ནང་ནས་ཀྱང་༧གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་བོད་མི་རྣམས་ཆིག་སྒྲིལ་མེད་པར་ཁ་འཐོར་དགུ་འཐོར་དུ་གྱུར་ནས་བོད་ཀྱི་རྩ་དོན་འཇའ་ཡལ་བ་བཞིན་དུ་འགྱུར་ངེས་པར་ངོས་འཛིན་བྱེད་མཁན་ཡོད།

བོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་རྒྱ་ནག་གི་མཁས་པ་ཝང་ལི་ཞུང་དང་ཐུག་ནས་བོད་དོན་སྐོར་བསམ་ཚུལ་བརྗེ་རེས་བྱེད་སྐབས། ཁོང་གིས་ཀྱང་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་སྲིད་ཀྱི་རེད་ཅེས་ཤོད་ཀྱི་འདུག་པར། མ་འོངས་པར་བཙན་བྱོལ་བོད་མི་རྣམས་ཆིག་སྒྲིལ་དང་བོད་མིའི་འཐབ་རྩོད་རྒྱུན་ཆད་མེད་པར་མུ་མཐུད་གནས་ཐུབ་པའི་གདེང་ཚོད་དེ་མང་གཙོའི་ལམ་ལུགས་ཁོ་ན་ལ་བརྟེན་ནས་ཡོང་ཐུབ་ཅེས་ཚམ་ཚོམ་མེད་པར་ཞུས་པ་ཡིན། འོན་ཀྱང་དུས་རྒྱུན་གནད་དོན་འདིའི་ཐོག་ལ་སེམས་འཚབ་གང་མང་ཞིག་མི་བྱེད་ཀ་མེད་ཡིན་པ་དང། བོད་གཞིས་བྱེས་གཉིས་ནས་༢༠༡༠ ལོར་མ་འོངས་པར་བོད་མི་རིགས་དང་རིག་གནས་ཀྱི་ངོ་བོ་རྩ་བརླག་ཏུ་མི་འགྲོ་བར། བོད་མི་རྣམས་ལ་འགག་ལ་ཐུག་དུས་སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་གཅིག་སྒྲིལ་ཡིན་པ་གསལ་སྟོན་བྱས་པ་ནི། བོད་མི་རིགས་ཀྱི་ངོས་ནས་གཟི་བརྗིད་དང་རྒྱ་གཞུང་གི་སེམས་ལ་སླར་ཡང་དངངས་སྐྲག་སྐྱེ་གཞི་ཞིག་ཏུ་གྱུར་སོང་།

གཅིག་ནི་སྒ་སྐྱེ་དགུ་མདོར་ས་ཡོམ་གྱི་འཇིག་པ་ཆེན་པོ་བྱུང་བའི་སྐབས་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་མེད་པར་གདུང་སེམས་མཉམ་བསྐྱེད་དང་རོགས་རམ་ཤུགས་ཆེན་གནང་སོང་བ་དང་། ལོ་འདིའི་ནང་གི་གོད་ཆག་འདིས་བོད་ནང་གི་བོད་མི་རྣམས་ཀྱི་སེམས་པ་སྔར་ལས་གཅིག་ཏུ་བསྒྲིལ་སོང་། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཀྱང་གདུང་སེམས་མཉམ་སྐྱེད་གནང་བ་སོགས་ཀྱིས་དེའི་རྗེས་ཀྱི་འབྲུག་ཆུའི་གོད་ཆག་ལ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ནས་རོགས་རམ་བྱེད་མཁན་མ་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གཉིས་པ་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་འགོད་བྱེད་མཁན་༧༩༠༠༠ ལྷག་བྱུང་ཡོད་ཀྱང། དངོས་སུ་འོས་བླུག་མཁན་༤༧༠༠༠ བྱུང་ཡོད་པ་རེད། དེའི་ནང་ནས་ཨང་དང་པོ་མཁས་དབང་བློ་བཟང་སེང་གེར་འོས་གྲངས་༢༢༤༨༩ སྤྱིའི་བརྒྱ་ཆ་༤༧།༨༤ དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་གྲངས་༡༢༣༡༩ དང་བརྒྱ་ཆ་༢༦།༢༡ ཚོགས་གཞོན་རྒྱ་རི་སྒྲོལ་མ་ལ་འོས་གྲངས་༢༧༣༣ དང་བརྒྱ་ཆ་༥།༨༡ བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་འོས་གྲངས་༢༡༠༡ དང་བརྒྱ་ཆ་༤།༤༧ སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་༡༥༤༥ དང་བརྒྱ་ཆ་༣།༢༨ མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་བསོད་ནམས་རྒྱལ་སྟོབས་རྒྱལ་འོས་གྲངས་༦༠༥ བརྒྱ་ཆ་༡།༢༨ བཅས་ཐོབ་ཡོད་པ་རེད།
དོན་འདིས་གནད་དོན་ག་རེ་གསལ་པོ་བྱས་ཡོད་དམ་ཞེ་ན་བཙན་བྱོལ་བོད་པའི་མི་འབོར་གྱི་བརྒྱ་ཆ་དྲུག་ཅུ་ལྷག་དབུས་གཙང་ཡིན་པ་དང་། ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བྱས་ན་དབུས་གཙང་ཁོ་ནས་གང་བྱེད་ལས་མདོ་སྟོད་སྨད་གཉིས་ལ་གོ་སྐབས་གང་ཡང་མེད། སྐབས་སྔོན་མའི་བཀའ་ཁྲིའི་འོས་འདེམས་སྐབས་གཉིས་དེས་ཟམ་གདོང་རིན་པོ་ཆེ་མདོ་སྟོད་ཡིན་པ་ཙམ་གྱིས་དབུས་གཙང་མི་མང་གིས་ཞེན་ཁོག་མ་བྱས་པར་ངོས་འཛིན་བྱེད་ཅུང་དཀའ་ལ། བོད་པའི་སྤྱི་ཚོགས་ནང་བླ་མ་དང་སྤྲུལ་སྐུ་ལ་ཤུགས་རྐྱེན་པོ་ཡོད་པས། དེ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་མང་གཙོའི་གོ་རྟོགས་མཐོ་རུ་སོང་བ་ཡིན་མིན་བརྗོད་དཀའ། འོན་ཀྱང་ལོ་འདིའི་འོས་བསྡུ་ཆེན་མོའི་སྔོན་འགྲོའི་གྲུབ་འབྲས་ནང་མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་པ་ཤེས་དུས། དོན་དངོས་ཐོག་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོའི་གོ་རྟོགས་ཚད་མཐོ་རུ་སོང་ཡོད་པ་དང།  དབུས་གཙང་དབུས་རྒྱུན་གྱིས་འབད་བརྩོན་དང་འབོད་སྐུལ་ག་རེ་བྱས་མིན་ལ་མ་ལྟོས་པར་དབུས་གཙང་མི་མང་གིས་གཙོས་བོད་རིགས་མི་མང་གི་སེམས་ནང་དུ་བོད་ཀྱི་རྩ་དོན་ཁོ་ན་ལས་ཆོལ་ཁའི་ཕྱོགས་ཞེན་གྱི་དབང་དུ་སོང་མེད་པ་ར་སྤྲོད་གསལ་པོ་བྱུང་བ་རེད། གནད་དོན་འདིའི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་རང་བཞིན་༧གོང་ས་མཆོག་གིས་མང་གཙོའི་ལུགས་བཟང་གསོལ་རས་སུ་བསྩལ་བའི་བཀའ་དྲིན་ཤེས་པ་དང། མི་མང་གི་མང་གཙོའི་གོ་རྟོགས་མཐོ་རུ་སོང་ཡོད་པ་ཧ་ཅང་གསལ་པོར་གྱུར་པ་བཅས་༢༠༡༠ ལོའི་གལ་ཆེ་བའི་གནད་དོན་འདི་གཉིས་ཀྱིས་བོད་དོན་འཐབ་རྩོད་ལ་རེ་བ་དང་ཚོར་ཤུགས་གསར་པ་ཞིག་སྤྲད་ཡོད་པ་རེད།།

Share this:
༦༩ ཀློག་གྲངས།