རྒྱ་རྒྱུག་པས་བརྡུང་ན། གསུང་བོད་སྐད་བྱོན།

གཞོན་སྐྱེས་ཡིན་ཟེར་བའི་སྤེན་ཚེས་བང་ཆེན་གསར་ཤོག་ཐོག་མངོན་གསལ་དོད་པོས་སྔ་ཚིག་ཕྱི་འགལ་དང་རང་མགོ་ཆུ་འདྲེན་གྱི་གཏམ་འགའ་གླེང་ཡོང་བ་མཐོང་དུས། ཤ་ཚ། བསམ་བློ་གཏོང་སྟངས་ནོར་འདུག་སྙམ་ནས་ལན་རྒྱག་རིན་མ་མཐོང་ཡང༌། ཁོ་པའི་རྩོམ་ཡིག་གི་མཇུག་ཙམ་དུ། “རྒྱ་གཞུང་གིས་ཁྱོད་ཀྱིས་བཤད་པའི་ཀྲང་ཅིང་ལི་ཡང་ཁོ་རང་གིས་རང་ཚོད་བྱས་ཏེ་བྱས་པ་རེད་ཟེར་ན། ཁྱོད་ལ་ལན་ཅི་ཞིག་ཡོད།” ཟེར་དྲི་བ་ཞིག་བསྐུལ་འདུག་པར་བརྟེན། གཏམ་ལ་གཏམ་ལན་མེད་ན་ལྐུག་པའི་ཚུལ་དང༌། ཟས་ལ་ཟ་ལན་མེད་ན་སྤྲང་པོ་ཚུལ་ཞེས་པའི་དཔེ་ལྟར་ལན་ཞིག་རྒྱག་དགོས་པ་མཐོང༌། དེ་ཡང༌།

སྤེན་ཚེའི་རྩོམ་ཡིག་འགོ་དེར་“ཏུའུ་ཞིན་ཡུས་ཀྱིས་༼ཏཱ་ལའི་རུ་ཚོགས་ཀྱི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་རེད་༽རེད་ཟེར་བར་དགག་ལན་ཞིག་མཐོང༌། མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་ཀྱང་གནད་ལ་འཁེལ་བའི་ལན་ཞིག་ཡོད་པ་ནི་མཐའ་མཇུག་༼༼དེ་ལས་གཞན་མ་མཐོང་”ཞེས་འཁོད་འདུག་པ་ལྟར།   རྒྱ་རྡུང་ཁོ་བོས་འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གི་བརྒྱུད་སྐུལ་དྲིལ་སྒྲགས་པ་རྒྱ་མི་ཏུའུ་ཤིན་ཡུས་ཟེར་བས་མི་བདེན་རྫུན་སྒྲིག་གིས་རྒྱ་ནག་མི་རིགས་གསར་ཤོག་དང་དྲ་རྒྱའི་ནང་༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོ་ནི་ཕྱིའི་རྣམ་པ་ཙམ་རེད་༽ཅེས་དམའ་འབེབས་འཁྱོག་བཤད་བྱས་པར་དེ་མ་ཐག་ཁོ་བོས་བོད་མི་ཞིག་ཡིན་པའི་འཁུར་བླངས་ཏེ་རྒྱལ་སྤྱིའི་ནང་རྒྱ་ཡིག་གི་དྲ་རྒྱ་ཆེ་ཤོས་ཡིན་པའི་བོ་ཞུན་དྲ་རྒྱ་བརྒྱུད། རྒྱ་ཡིག་ཐོག་དགག་ལན་རྩོམ་ཡིག་ཐེངས་གསུམ་སྤེལ་རེས་བྱས་རྗེས་སུ། ཏུའུ་ཅན་ཁོ་པས་དོན་འདིར་རྩོད་གླེང་བྱེད་རྒྱུའི་སྤྲོ་བ་ཡང་སླེབ་ཀྱི་མི་འདུག་ཟེར་སྡུག་སྐད་ཤོར་བཞིན་ཕམ་ཁ་འཁུར་སྟེ་དུས་དེ་ནས་བཟུང་ཁུ་སིམ་མེར་སྡོད་དགོས་བཟོས་ཡོད། འདིས་རྒྱ་ནག་གཞུང་དང་རྒྱ་ནག་གཞུང་གི་བརྒྱུད་སྐུལ་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་དང་དྲིལ་བསྒྲགས་པ་རྣམས་ལ་རྒྱ་རྡུང་ཁོ་བོས་དངོས་དོན་བདེན་པའི་ལན་གྱིས་ཚར་བཅད་ཡོད་པ་གོང་གི་སྤེན་ཚེ་ཁྱོད་ཀྱི་རྩོམ་དོན་ལས་གསལ་པོར་ཁས་བླངས་པ་བསྟན་ཡོད་ཀྱང༌། ཁྱོད་ཀྱི་རྩོམ་ཡིག་གི་མཇུག་དེར་ཁོ་བོས་“ཕྱི་ཚུལ་གྱི་རྣམ་པ་ཞིག་རེད་དམ་”ཞེས་ཕར་ལྡོག་དྲི་བྱས་ཏེ་གསལ་སྟོན་བྱས་པའི་གོ་དོན་རྟོགས་མ་ཐུབ་པར། ད་དུང་“ཉམས་དམའ་བའི་དྲི་ཚིག་གཅིག་ལས་ཕྱི་མཛེས་ནང་སྟོང་ཙམ་མ་རེད་ཅེས་ཚིག་ཐག་བཅད་མ་ཐུབ་པ་”ཟེར་བ་ནི་སྔ་ཚིག་ཕྱི་འགལ་ཞིག་ཡིན་པ་སྤེན་ཚེ་ཁྱོད་གདན་ས་ཆེན་པོར་རིག་ལམ་སྦྱོང་བཞིན་པ་ཞིག་གིས་མི་ཤེས་པ་ཡ་རེ་ང༌། དེ་མིན་ན་“མདའ་མོ་འཕེན་མི་འདོད་པར། གཞུ་མོ་བཅག་འདོད་”ཡོད་པ་ཁྱེད་རང་ཡིན་པ་གསལ་པོ་རེད།

“ད་ལྟ་བཙན་བྱོལ་བོད་མིའི་མང་གཙོ་ནི་ཕྱི་མཛེས་ནང་སྟོང་ཙམ་མིན་པར་ཕྱི་གསལ་ནང་གསལ་གྱི་དྲང་པོའི་གཞུང་ཞིག་ཡིན།” པ་སྤེན་ཚེ་ཁྱོད་ཀྱིས་ཁས་བླངས་ཀྱི་ཡོད་ན། ཇི་ལྟར་“ཤ་ཞིམ་པོ་ལ་ཁའི་སྤྱང་ཀིས་ཟོས། ཁག་ངན་པ་ཨ་ཆེ་ཝ་མོར་བཀལ།” “ཁྱི་རྐུན་ཐམས་ཅད་འོ་ཟངས་ཁ་ནས་མཐུན།” ཟེར་བ་དང༌། “མགོ་བོ་གཏད་ས་ནས་ཀླད་པ་ཕུག་ཡོང་བའི་”གནད་དོན་རྣམས་ཁུངས་ལུང་རྒྱུ་མཚན་དྲངས་ཏེ་རྒྱ་ཆེའི་གསར་ཤོག་ཀློག་པོའི་སྤྱན་མངར་བསྟར་ཏེ་བདེན་བརྫུན་གྱི་རྣམ་དབྱེ་དང་དཀར་ནག་གི་དབྱེ་བ་གཅད་དེ་དྲང་པོའི་གཞུང་བསྲངས་མི་ཕོད་པར། སྦུག་སྦུག་གསང་གསང་དང༌། མུན་ནག་སྦར་མྱུལ་ཙམ་གྱིས་ལྐོག་ནས་སྐྱོན་འདོགས་བྱས་པ་ནི་ཁ་བཤད་གཏམ་དང་སེམས་ནང་བསམ་པ་གཉིས་ཁ་ཞེ་མི་མཚུངས་པ་ཞིག་རེད། དེ་ལས་རྒྱ་རྡུང་ཁོ་བོས་གསར་ཤོག་ཐོག་མངོན་གསལ་དོད་པོས་“རང་ཚོད་ཟིན་མ་ཐུབ་པའི་མི་ཁག་གཅིག་”ཅེས་བཤད་པར་ནུས་པ་ནི།  ཁྱོད་དང་ཁྱོད་འདྲ་བའི་རྒྱབ་སྐྱོར་བ་རྣམས་ཀྱིས་སྔར་བོད་ནང་གདན་ས་ཁག་ཏུ་ཁ་དཔེ་ཡོད་པ་བཞིན་“ཟླ་གམ་འོག་གི་མུར་རྫོག་ཞུས་”པ་ལས་ཅུང་མི་ལེགས་སམ།

ཁྱོད་ཀྱི་བཤད་པ་ལྟར་རྒྱ་རྡུང་ཁྱེད་ཀྱིས་དྲང་མོ་མདའ་འདྲ་བའི་སྐད་ཆ་ཞིག་ནི། “མི་ཚེ་གང་བོར་དཀའ་སྡུག་མྱོང་བའི་རྒས་འཁོགས་གཅིག་གིས་སེམས་ནང་གི་བདེ་སྡུག་སྐད་ཆ་ཤོད་ས་མེད་པར་གྲོགས་མེད་གཅིག་པུར་ཁེར་རྐྱང་དུ་ལུས་”པ་དངོས་བདེན་ཡིན་ནའང༌། གནད་དགག་ཐུག་ས་ནི། ཨ་ལོ་ཆོས་མཛད་ཚེ་རིང་རྡོ་རྗེས་བོད་ནང་རྒྱ་དམར་གཞུང་གི་བཙན་གནོན་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་ངོ་རྒོལ་བྱེད་མཁན་གྱི་མི་མང་འཐུས་མི་ཡིན་པ་དང༌། རྒྱ་གར་ནང་འབྱོར་རྗེས་སྦེལ་ཀོབ་ལུགས་བསམ་གཞིས་སྒར་དུ་མཉམ་འབྲེལ་མཉམ་དུ་ཨ་ཞོམ་ལས་སྣོན་བཟོ་གྲྭ་བཙུགས་ཏེ་མི་མང་ལ་ཕན་ཐོགས་བྱུང་ཚུལ་ལ་རྩོད་གཞི་མེད་ཀྱང༌། མཐར་མཉམ་འབྲེལ་གྱི་འགན་འཛིན་དང་འགལ་ཟླ་བྱུང་སྟེ་དཀའ་ངལ་འཕྲད་སྐབས། མར་འགྱེལ་ས་ནས་ཡར་ལངས་ཐབས་མ་བྱས་པར། ལོ་བརྒྱ་སྨན་ཐུང༌། འཆི་ཁར་དུག་ཐུང་བའི་དཔེ་ལྟར་ཁོ་པས་དང་པོ་ངོ་རྒོལ་རྒྱག་སའི་རྒྱ་དམར་གཞུང་ལ་མགོ་བཏགས་པ་མ་ཟད། རྒྱ་དམར་གཞུང་གིས་དྲིལ་བསྒྲགས་བྱེད་པའི་བེད་སྤྱོད་འོག་ཕྱིན་པ་དེས་རང་མི་དགོས་ལྟོ་ཚང་ཕུང་པས་ལན་ཡོད་པ་དེ་གསལ་པོར་ཤེས་དགོས།

གནས་ཚུལ་དེ་དག་སྤེན་ཚེ་ཁྱོད་ཀྱི་བཤད་པ་ལྟར་“རྒྱ་ལ་སྦ་གསང་ཐུབ་ཀྱང་བོད་ལ་གསང་མི་ཐུབ་” ཅེས་མི་ཤེས་ཤེས་ཁུལ་དང་མི་འཇོན་འཇོན་མདོག་བྱེད་དབང་དུ་བཏང་ཡང༌། དེ་ནི་ཁྱོད་ཙམ་གྱིས་མི་ཤེས་ཀྱང་དོ་སྣང་ཅན་གྱི་མི་ཚང་མས་ཤེས་པའི་གནས་ཚུལ་གསར་པ་སྦ་གསང་བྱེད་དགོས་པ་ཞིག་མིན་པར་སྔ་ས་ནས་ཡོངས་གྲགས་སུ་ཡོད་པ་ཞིག་སྟེ། ཨ་ཆོས་ཚེ་རྡོར་རང་ཉིད་ནས་ཕྱོགས་བསྒྲིགས་བྱས་ཏེ་རྒྱ་ནག་མི་རིགས་དཔེ་བསྐྲུན་ཁང་ནས་པར་བསྐྲུན་བྱས་པའི་༵བོད་ཀྱི་གནས་ལུགས་བདེན་འཛིན་སྒོ་ཕྱེ་བའི་མདེ་མིག་ཀཀཟེར་བའི་དེབ་གཅིག་བཏོན་ཡོད་པ་དེའི་ནང་ཨ་ཆོས་རང་ཉིད་དང་འབྲེལ་བའི་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ཡོད་དོ་ཅོག་ཕྱི་ལོ་ ༡༩༨༦ ནས་རྒྱ་བསྒྲགས་བོད་བསྒྲགས་བྱས་ཟིན་ཞིང༌། ལོ་རབས་དགུ་བཅུའི་ནང་དུ་ཐོན་པའི་༼ཟླ་གསར་༽ཞེས་པའི་བོད་ཡིག་གི་དུས་དེབ་ནང་དུའང་བཀོད་ཡོད་ལ། ཉེ་བའི་ལོ་ཤས་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བྱས་པ་ཅན་གྱི་བཀའ་ཟུར་གཉིས་ནས་ཀྱང་རང་སོ་སོའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་ཁྱོད་ཀྱིས་བཤད་པ་ལས་ལྷག་པའི་གནས་ཚུལ་མང་པོ་ཡོངས་གྲགས་སུ་ཡོད་པ་ཁྱོད་ཀྱི་མགོ་རུལ་བ་རྣ་བས་མ་འཚོར་རམ།

ལར་ནས་རྒྱ་དཔོན་ཀྲང་ཆིང་ལི་ནི་རྒྱ་དམར་གཞུང་ནང་གི་བོད་ལ་དབང་བསྒྱུར་བྱེད་མཁན་གྱི་བཀོད་ཇུས་པ་གཙོ་གྲས་དང་བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་དབང་ཆ་གཅིག་ཏུ་བསྡུས་པའི་རྒྱ་དམར་གཞུང་གི་ཚབ་བྱེད་མི་སྣ་དེ་དང༌། གཞན་ཟེར་རྗེས་འབྲངས་དང་རང་ཚོད་མ་ཟིན་པའི་རྡ་སའི་བེུད་ཕལ་པ་དེ་དག་དང་བསྡུར་བ་བྱས་ལུགས་ལ་བལྟས་ན། དངོས་གནས་ཁྱོད་ཀྱི་སྲིད་དོན་གྱི་ལྟ་ཚུལ་འདི། ཁྱོད་ཀྱིས་རྩོམ་དོན་ནང་བསྔགས་འོས་སུ་གྱུར་བའི་ཨ་ཆོས་ཚེ་རྡོར་དང་གཉིས་སུ་མེད་པ་ནི་ཡ་རེ་ངའོ།

དེས་ན། མི་རྒན་པོའི་ཁ་ལ་ཉོན། ཇ་ཞིམ་པོའི་བྲོ་ལ་ལྟོས།ཞེས་བོད་མིའི་ཁ་དཔེ་བཞིན། ཁྱོད་ཀྱིས་ངུར་སྨྲིག་འདུལ་བ་འཛིན་པའི་རབ་བྱུང་བ་རྣལ་མ་ཞིག་བྱེད་འདོད་ན་རང་འཁྲིའི་དཔེ་ཆ་ལྟས་ཏེ་བླང་དོར་སྤང་བླང་ཚུལ་བཞིན་ཉམས་སུ་བླངས་དགོས་པ་ལས། གཞན་ཟེར་རྗེས་འབྲངས་དང་དགྲ་གཉེན་དབྱེ་མི་ཤེས་པར་སྲིད་དོན་ལས་སུ་ཞུགས་ཆེ་ན།  “སྟག་མཆོང་སར་ཝ་མཆོངས།  ཝ་གྲོ་ལུ་མ་སྐེད་ཚིགས་ཆགས་ཡོང་”ཞེས་རང་ཁམས་པའི་དཔེ་ལྟར་ཡོང་མ་སྲིད་པ་མ་ཡིན་ནོ།། རྡ་ས་ནས་རྒྱ་རྡུང་ཚེ་དབང་གིས་༢༠༡༠།༡༡།༢༥ལ་བྲིས་པའོ།།

Share this:
༢༧ ཀློག་གྲངས།