འབྲས་སྤུངས་སུ་ཆོས་ཚན་བར་གྱི་བགྲོ་གླེང་།

དེ་ཡང་ཚོགས་ཐོག་ཏུ་འབྲས་སྤུངས་མཁན་ཟུར་རྣམ་པའི་གཙོས་བཀའ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་ཨོ་སི་ཁྲི་ལེ་ཡ་དང་འཇར་མན་སོགས་ནས་ཆེད་ཕེབས་གནང་བའི་ཚན་རིག་གི་མཁས་དབང་རྣམ་པ། དེ་བཞིན་གདན་ས་འདི་ཉིད་དུ་བསླབས་མཐར་སོན་པའི་དགེ་འདུན་པ་ཡོངས་དང་། གཞན་ཡང་དགའ་ལྡན་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ནས་ཚན་རིག་སློབ་གཉེར་བ་རྣམ་མཉམ་འཛོམས་གནང་ཡོད་པ་རེད།

 

loling about sienceཐོག་མར་བློ་གླིང་ཚན་རིག་སྡེ་ཚན་གྱི་འགན་འཛིན་ངག་དབང་གྲགས་པ་ལགས་ཀྱིས་བགྲོ་གླེང་ངོ་སྤྲོད་དང་སྦྲགས་ཚན་རིག་སྡེ་ཚན་འདི་བཙུགས་དགོས་པའི་དམིགས་ཡུལ་སྐོར་ལ་གསུང་དོན།  སྐྱེས་འགྲོ་ཡོངས་ཀྱི་བདེ་དོན་ཆེད་༧གོང་ས་མཆོག་གིས་དུས་རྒྱུན་བཀའ་སློབ་རིམ་ཕེབས་སུ་ནང་ཆོས་སློབ་གཉེར་བ་དག་གིས་དེང་དུས་ཀྱི་ཚན་རིག་སློབ་སྦྱོང་བྱེད་རྒྱུ་དགོས་གལ་ཆེ་བའི་ལམ་སྟོན་གནང་བ་བཞིན། འདི་ག་འབྲས་བློ་གླིང་གྲྭ་ཚང་གི་ཚན་རིག་སློབ་གཉེར་བ་རྣམས་ཀྱིས་གྲྭ་ཚང་གི་ཁྱབ་ཁོངས་སུ་ཚན་རིག་སྡེ་ཚན་ཞིག་གསར་འཛུགས་ཀྱི་དགོས་འདུན་བཏོན་པ་བཞིན། གྲྭ་ཚང་གི་མཁན་རིན་པོ་ཆེའི་གཙོས་ཚོགས་འདུ་རྒྱས་འཛོམས་སར་ཚན་རིག་སྡེ་ཚན་འདི་གསར་འཛུགས་ཆོག་པའི་ཐག་ཆོད་བྱུང་ནས། ད་ལྟ་དངོས་སུ་ཚན་རིག་སྡེ་ཚན་འདིའི་དབུ་འབྱེད་མཛད་སྒོ་སྔོན་སོང་ཐོག་གང་ཐུབ་ཅི་ནུས་ཀྱི་ལས་ཁུལ་ལེན་གྱི་ཡོད་སྐོར་གསུངས་སོང་།

བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནང་པའི་ལྟོས་གྲུབ་རིག་པ་དང་རྣམ་ཤེས་ཕྲ་རགས་སྐོར་ལ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་དང་དགེ་བཤེས་ཡེ་ཤེས་ཆོས་འཕེལ་རྣམ་གཉིས་ཀྱིས་ངོ་སྤྲོད་དང་། ཚན་རིག་གི་མཁས་དབང་རྣམ་པས་གཟའ་སྐར་རིག་པ་དང་ས་ཁམས་རིག་པ། སྐྱེས་དངོས་རིག་པ་སོགས་ཆོས་ཚན་གཉིས་ཀྱི་སྐོར་ལ་ངོ་སྤྲོད་དང་འབྲེལ་ཕན་ཚུན་དོགས་དྲི་ལན་འདེབས་གནང་རྗེས། བློ་གླིང་ཕྱག་མཛོད་མཁྱེན་རབ་ཆོས་རྗེ་ལགས་ཀྱིས་བགྲོ་གླེང་ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞེས་མཇུགས་བསྡོམས་གསུང་བཤད་གནང་དོན། བློ་གླིང་ཚན་རིག་སྡེ་ཚན་འདི་འདྲ་ཞིག་གསར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་ཐོག་ཚན་རིག་སྡེ་ཚན་འདི་གྲྭ་ཚང་གི་ཕྱག་མཛོད་ཁང་གི་འཛིན་སྐྱོང་དམ་འཛིན་འོག་ལ་འགྲོ་རྒྱུའི་ཐག་ཆོད་བྱུང་བ་མ་ཟད། བློ་གླིང་ཚན་རིག་སྡེ་ཚན་འདིའི་ལས་ཁང་དང་ལས་ཤོག་ལས་ཐམ་ཡོངས་ལེགས་གྲུབ་བྱུང་ཡོད། དེ་རིང་གི་བགྲོ་གླེང་འདིའི་ཐོག་ཆོས་ཚན་གཉིས་ཕྱོགས་ནས་ཆེད་དུ་ཕེབས་གནང་བའི་མཁན་ལས་ཟུར་རྣམ་པ་དང་ཚན་རིག་སྡེ་ཚན་གྱི་དགེ་ལས་ཡོངས་མཉམ་འབྲེལ་ཐོག་འདི་ལྟར་བགྲོ་གླེང་གོ་བསྡུར་ལྷུག་པོར་གནང་བར་བསྔགས་བརྗོད་དང་ཡི་རང་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་༧གོང་ས་མཆོག་གིས་དགོངས་གཞི་ནང་བཞིན་སྒྲུབ་ཐུབ་ལ་ཆོས་ཚན་གཉིས་མཉམ་འབྲེལ་ཐོག་འབད་བརྩོན་ལྷོད་མེད་བྱེད་རྒྱུར་རེ་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང་།།

མོན་གྷོ་གསར་འགོད་པས།

Share this:
༡༢༥ ཀློག་གྲངས།