༧གོང་ས་མཆོག་འབྲས་ལྗོངས་སུ་ཕེབས་འཆར།

ཀ་སྦུག་གི་མཛད་འཆར། དེ་ཡང་ཀ་བློན་སྦུག་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་གང་ཉིད་མཆོག་ཁུལ་དེར་ཕྱི་ཚེས་ ༡༢ ཉིན་༸ཞབས་སོར་འཁོད་མཚམས་ཕྱི་ལོ་ ༢༠༠༥ ལོར་གསར་བཞེངས་གནང་བའི་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལེགས་གྲུབ་ཟིན་པ་དེར་རབ་གནས་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་ཀ་བློན་སྦུག་སེར་སྐྱ་མང་ཚོགས་རྣམས་ལ་ཚེ་དབང་སྩལ་གནང་མཛད་རྒྱུ་ཡིན་འདུག ཕྱོགས་མཚུངས་ཀ་སྦུག་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང། ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གནང་མཛད་རྒྱུ་མ་ཟད། ཀ་སྦུག་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག

 

སྒང་ཏོག་གི་མཛད་འཆར། ཕྱི་ཚེས་ ༡༥ ཉིན་ཀ་སྦུག་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒང་ཏོག་མངའ་གཞུང་གིས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཀ་སྦུག་ནས་ཐད་འཕུར་གནམ་གྲུ་བརྒྱུད་ར་ཝང་ལའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྙིང་མའི་གནས་ཆེན་པདྨ་དབྱངས་རྩེ་དང། བཀྲ་ཤིས་སྟེང་ཞེས་པའི་གནས་ཆེན་ཁག་ཏུ་གནས་གཟིགས་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༡༦ ། ༡༧ བཅས་ཉིན་གྲངས་གཉིས་རིང་བཀྲ་ཤིས་སྟེང་དུ་སྐུ་མཚམས་བཞུགས་གནང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༨ སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་༸གོང་ས་མཆོག་ར་ཝང་ལར་རྟེན་གཞི་བྱས་པའི་ས་སྐྱ་གནས་ལུང་དགོན་པར་ཆིབས་སྒྱུར་བསྐྱང་སྟེ་ཆུ་ཚོད་ཕྱེད་ཙམ་གྱི་མཛད་འཆར་གྲུབ་རྗེས་ར་ཝང་ལའི་གཞིས་ཆགས་ཀྱི་མ་དགོན་ཐུབ་བསྟན་དར་རྒྱས་གླིང་དུ་ཆིབས་སྒྱུར་བསྐྱང་སྟེ་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ར་ཝང་ལ་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག

 

ར་ཝང་ལའི་མཛད་འཆར་ཁག་ལེགས་གྲུབ་རྗེས་ར་བོང་དུ་ཆིབས་སྒྱུར་བསྐྱང་སྟེ་ས་གནས་དེར་རྟེན་གཞི་བྱས་པའི་སྟོན་པའི་སྐྱེད་ཚལ་ཞེས་པའི་ནང་འབྲས་ལྗོངས་མངའ་གཞུང་གིས་སྟོན་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༡༣༥ ཙམ་གསར་བཞེངས་གནང་བ་དེར་རབ་གནས་བཀའ་དྲིན་ཆེ་བ་སྩལ་གནང་མཛད་རྒྱུ་དང། ཕྱི་ཚེས་ ༡༩ ཉིན་རྒྱལ་ས་སྒང་ཏོག་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་སྒང་ཏོག་དུ་རྟེན་གཞི་བྱས་པའི་རྣམ་མཁྱེན་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་འདུ་ཞིག་དབུ་འབྱེད་མཛད་རྒྱུ་དང་། ཕྱི་ཚེས་ ༢༡།༢༢ བཅས་ཉིན་གྲངས་གཉིས་རིང་མགོན་པོ་གང་ཉིད་མཆོག་གིས་སྒང་ཏོག་སེར་སྐྱ་མང་ཚོགས་རྣམས་ལ་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དང་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག ནུབ་སྦེང་སྒལ་ཁུལ་གྱི་མཛད་འཆར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀ་སྦུག་དང་སྒང་ཏོག་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ནུབ་སྦེང་སྒལ་མངའ་སྡེའི་གྲོང་ཁྱེར་ས་ལུ་ག་རའི་ནང་ཆིབས་སྒྱུར་བསྐྱང་སྟེ་ས་གནས་དེར་རྟེན་གཞི་བྱས་པའི་སྲས་བརྒྱུད་དགོན་པའི་ནང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་བཅས།།

Share this:
༢༦ ཀློག་གྲངས།