དམར་ཕྱོགས་ཚོགས་པ་སྲ་བརྟན་ཆེད་ལས་ཁུངས་ཆེན་པོ་ཁ་ཤས་ཡོད།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གོ་སྒྲིག་བྱས་པའི་གསར་འགོད་པའི་ཟབ་སྦྱོང་ཐོག ཟླ་ཚེས་༤ ཉིན་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་རྒྱ་ནག་གི་བརྒྱུད་ལམ་སྐོར་ངོ་སྤྲོད་གནང་བའི་ནང་དོན་སྙིང་བསྡུས།

ད་ལྟ་འཛམ་གླི་ཐོག་ཆབ་སྲིད་ལམ་ལུགས་མང་པོ་ཡོད་པའི་ནང་ཕྱོགས་བསྡོམས་བྱས་ན་གཉིས་རེད། མང་གཙོ་དང་།  གཅིག་བསྡུས་ཀྱི་ལམ་ལུགས་སམ་སྲིད་དབང་སྒེར་འཛིན་གྱིི་ལམ་ལུགས་གཉིས་རེད། རྒྱ་ནག་དེ་སྲིད་དབང་སྒེར་འཛིན་ནམ་སྲིད་དབང་སྒེར་གཅོད་ཟེར་གྱི་ཡོད་པ་རེད། རྒྱ་ནག་གི་སྔོན་མའི་རྩ་ཁྲིམས་ནང་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལམ་ལུགས་ཟེར་གྱི་ཡོད་པ་དང། ༡༩༨༢ ལོར་ནས་རྩ་ཁྲིམས་འགྱུར་བ་བཏང་སྟེ་མི་མང་དམངས་གཙོའི་སྲིད་དབང་སྒེར་འཛིན་ཟེར་གྱི་ཡོ་པ་རེད། རྒྱ་ནག་གི་དམར་ཕྱོགས་ཚོགས་པ་དེ་འབྱོར་མེད་གྲལ་རིམ་གྱི་ཤོག་ཁག་ཡིན་ཟེར་གྱི་ཡོད་པ་དང། མི་མང་དམངས་གཙོར་བསྒྱུར་རྗེས། ཅང་ཙེ་མིན་གྱིས་མཚོན་བྱེད་གསུམ་ཞེས་བརྗོད་ནས། དམར་ཕྱོགས་ཚོགས་པ་དེ་འབྱོར་ལྡན་གྱི་ཚབ་ཡང་ཡིན་མདོག་གིས་འགྱུར་བ་ཕྱིན་པ་རེད། རྒྱ་ནག་དེ་གཅིག་བསྡུད་ཀྱི་ལམ་ལུགས་དང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་རེད། སྲིད་དོན་གྱི་ཚོགས་པ་སྲིད་དབང་འཛིན་མཁན་དམར་ཕྱོགས་ཚོགས་པ་མ་གཏོགས་ཡོད་པ་མ་རེད། དམར་ཕྱོགས་ཚོགས་པའི་སྲིད་དབང་བརྟན་པོ་ཡོང་ཐབས་སུ་ལས་ཁུངས་གལ་ཆེན་པོ་ཁ་ཤས་ཡོད་པ་རེད། རྒྱ་ནག་རྩ་འཛུགས་ལས་ཁུངས་དང་། དྲིལ་བསྒྲགས་ལས་ཁུངས། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས། ཕྱི་དྲིལ་ལས་ཁུངས་བཅས་རེད། ལས་བྱེད་མཐོ་དམན་ག་རེ་བསྐོ་བཞག་དགོས་ནའང་ཕལ་ཆེ་བ་རྩ་འཛུགས་ལས་ཁུངས་བརྒྱུད་དགོས་པ་རེད། དྲིལ་བསྒྲགས་ལས་ཁུངས་དེ་མི་མང་གི་ཀླད་པ་བཀྲུ་སའི་ལས་ཁུངས་རེད། དྲིལ་བསྒྲགས་ལས་ཁུངས་ཡང་དམར་ཕྱོགས་ཚོགས་པ་མ་གཏོགས་མང་གཙོའི་རྒྱལ་ཁབ་དེ་ཚོར་ཨེ་ཡོད་ན་བསམ་གྱི་འདུག ང་ཚོའི་དྲིལ་བསྒྲགས་ལས་ཁུངས་དེ་ཡང་རྒྱ་ནག་གི་ཚིག་ནས་བསྒྱུར་བ་ཞིག་མིན་འགྲོ་བསམ་གྱི་འདུག གནས་ཚུལ་བདེན་པ་ཡིན་མིན་ལ་མ་ལྟོས་པར་ཕ་རོལ་པོའི་བསམ་བློའི་ནང་འཇགས་ཐབས་བྱེད་རྒྱུ་དེར་དྲིལ་བསྒྲགས་ཟེར་གྱི་ཡོད་པ་རེད། ཕྱི་རྒྱལ་ཁག་ཏུ་དེ་མ་རེད། གནས་ཚུལ་མཁོ་བསྒྲུབ་བྱེད་ས་དང་མི་མང་ལ་གནས་ཚུལ་ཤེས་ཐབས། ཤེས་རྟོགས་ཀྱི་དབང་ཆ་ཡོད་པ་རེད་ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་གསར་འགྱུར་བརྒྱུད་ལམ་གྱི་སྐོར་གསུང་དོན། རྒྱ་ནག་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་འོག་ཏུ་བརྒྱུད་ལམ་ཚང་མ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། དྲ་རྒྱ་ཕུད་པའི་གསར་འགྱུར་བརྒྱུད་ལམ་གྱི་བརྒྱ་ཆ་༩༩༌༩ གཞུང་འབྲེལ་རེད་ཅེས་བརྗོད་ན་ཆོག་པ་ཞིག་རེད། དྲ་གནས་རྒྱ་ནག་གིས་སྟངས་འཛིན་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད། བརྒྱུད་ལམ་ཚང་མ་གནས་ཚུལ་ངོ་མ་ཤེས་རྟོགས་ཀྱི་ཆེད་དུ་མིན་པར་དྲིལ་བསྒྲགས་ཀྱི་ཆེད་དུ་རེད། བརྒྱུད་ལམ་དུ་གནས་ཚུལ་ཞིག་བྱུང་ན་དེ་འགྲིག་ཡོད་མེད་དྲིལ་བསྒྲགས་ལས་ཁུངས་ནས་ལྟ་ཡི་རེད། དྲིལ་བསྒྲགས་ཀྱི་བློན་ཆེན་རྒྱ་ནག་གི་ཆབ་སྲིད་ཅུའུ་ཡི་མི་ཉི་ཤུ་རྩ་གྲངས་ཤིག་ཡོད་པ། ཆབ་སྲིད་ཅུའི་འཐུས་མི་ཞེས་པ་དེའི་ནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

ngaba tsejam

ཁོང་གིས་མུ་མཐུད་གསུང་དོན། རྒྱ་ནག་རྒྱལ་ཡོངས་ནང་གསར་འགྱུར་བརྒྱུད་ལམ་དང་འབྲེལ་བའི་ལས་ཁུངས་ཆེན་པོ་གཉིས་ཡོད། གཅིག་ནི་རྒྱ་ནག་དཔར་སྐྲུན་སྤྱི་ཁྱབ་ལས་ཁུངས་དང་། དེའི་དབང་ཚད་གཙོ་བོ་རྒྱ་ནག་ནང་གསར་ཁང་གསར་འཛུགས་དང་པར་སྐྲུན་རིགས་ཀྱི་དེབ་སྐྱེལ་ལ་སྟངས་འཛིན་བྱེད་པ། ཕྱི་ཕྱོགས་ཀྱི་དཔེ་དེབ་དང་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་ནང་ཡོང་ཆོག་མིན་ལ་ལྟ་མཁན་རེད། དེ་རྒྱལ་སྤྱིའི་སྤྱི་ཁྱབ་ཁང་གི་ཁོངས་གཏོག་རེད། གཉིས་པ་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་རེད། དེས་གཞུང་འབྲེལ་གྱི་གནས་ཚུལ་དང་གསར་འགྱུར་མཁོ་གཏོང་བྱེད་མཁན་རེད། རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་གི་འགན་འཛིན་དྲིལ་བསྒྲགས་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་རེད། དྲིལ་བསྒྲགས་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་པ་ཞིག་རེད། རྒྱ་ནག་ལ་སྲིད་བློན་ཞེས་པ་ཡོད་པ་རེད། མི་དམངས་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་ཚོགས་ཡོད་པ་རེད། ཚང་མ་དམར་ཕྱོགས་ཚོགས་པའི་རྩ་འཛུགས་ཀྱི་འོག་ཏུ་ཡོད་པ་ལས་ཐེག་གཅོད་ཀྱི་དབང་ཆ་ཡོད་པ་མ་རེད། མི་མང་འཐུས་མི་ལག་པ་བཀྱག་མཁན་རེད། ཆབ་སྲིད་གྲོས་ཚོགས་ལག་པ་རྡེབ་མཁན་རེད་ཅེས་འཕྱ་སྨོད་བྱེད་མཁན་ཡོད་པ་རེད། ང་ཚོས་སྲིད་བློན་བདམས་པ་ཡིན། ཚང་མར་མོས་མཐུན་ཡོད་དམ་ཟེར་དུས་མི་དམངས་འཐུས་མིས་ཡོད་ཟེར་ནས་ལག་པ་བཀྱགས་པ་དང་། ཆབ་སྲིད་གྲོས་ཚོགས་ཀྱིས་དེ་ཡག་པོ་ཆགས་སོང་ཟེར་ནས་ལག་པ་རྡེབ་ཀྱི་ཡོད་པ་རེད།

རྒྱ་ནག་ལ་གསར་འགྱུར་བརྒྱུད་ལམ་གཙོ་བོ་གསུམ་ལ་རྒྱ་ནག་གི་མགྲིན་ཚབ་པ་གསུམ་ཟེར་གྱི་ཡོད་པ་དང་། གཅིག་མི་མང་ཉིན་རེའི་ཚགས་པར་རེད། དེའི་དཔར་སྐྲུན་གྲངས་ཚད་འཛམ་གླིང་ནང་གི་གསར་ཤོག་མང་ཤོས་ཀྱི་གྲས་རེད། ཀློག་མཁན་ག་ཚོད་ཡོད་མེད་ལ་མ་ལྟོས་པར། དབུས་ནས་གྲོང་གསེབ་གྲོང་སྡེ་ཚང་མས་ལས་ཁུངས་ནས་མི་མང་ཉིན་རེའི་ཚགས་པར་མངགས་ཉོ་བྱེད་དགོས་པ་རེད། གཉིས་པ་ཞཱིན་ཧ་གསར་འགྱུར་ཁང་རེད། དེས་རྒྱ་ནག་གི་གསར་འགྱུར་ཕྱི་ཕྱོགས་སུ་མཁོ་གཏོང་དང་ཕྱི་ཕྱོགས་ཀྱི་གསར་འགྱུར་མཁོ་སྒྲུབ་བྱེད་མཁན་རེད། རྒྱ་ནག་ཕྱི་ལོགས་ན་དེ་ལ་ཡན་ལག་གསར་ཁང་༢༠༠ ལྷག་ཡོད། གསར་ཁང་དེ་ཚོས་བཏང་ཡོང་པའི་གསར་འགྱུར་རིགས་རྒྱ་ནག་གིས་དབྱེ་ཞིབ་བྱས་ཏེ། དམར་ཕྱོགས་ཚོགས་པར་ཕན་གྱི་འདུག་གམ་མི་འདུག་བལྟས་ཏེ། རིགས་གཅིག་ཐད་ཀར་གསར་ལམ་ཁག་བརྒྱུད་མང་ཚོགས་ལ་གཏོང་གི་ཡོད་པ་དང་། ཁག་ཅིག་ནང་ཁུལ་དཔྱད་ཡིག་ཞེས་པ་དེའི་ནང་བཀྲམ་གྱི་ཡོད་པ་རེད། དེའི་ནང་བཙན་བྱོལ་ནང་གི་ཤེས་བྱ་དུས་དེབ་ཐོག་ག་རེ་ཡོད་མེད་པ་དང། ཏཱ་ལའི་རུ་ཚོགས་ཀྱི་ཅིག་བྱེད་ཀྱི་ཡོད་པ་རེད་ཟེར་བ་ལྟ་བུའི་གནས་ཚུལ་ཡོད་པ་རེད། གསུམ་པ་རྒྱ་ནག་སི་སི་བརྙན་འཕྲིན་(CCTV)ནང་ལེ་ཚན་༢༡ ཡོད་པ་ཚང་མ་གཞུང་འབྲེལ་ལེ་ཚན་རེད། འདིའི་ཐད། རྒྱ་ནག་ཁོ་རང་ཚོར་བཤད་སྲོལ་ཞིག་ཡོད་པ་ནི། མི་མང་ཉིན་རེ་ཚགས་པར་ནང་བདེན་པ་གཅིག་ཡོད། དེ་ཚགས་པར་སྟེང་གི་ཟླ་ཚེས་གཅིག་པུ་རེད། དེ་བཞིན་སི་སི་བརྙན་འཕྲིན་ནང་བདེན་པ་གཅིག་ཡོད། དེ་གནམ་གཤིས་སྔོན་བརྡའི་ལེ་ཚན་རེད་ཅེས་ཤོད་སྲོལ་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་ལ་རླུང་འཕྲིན་ཁང་ ༢༥༡ དང་བརྙན་འཕྲིན་ཁང་ ༢༧༢ ཡོད་པ་དང་། དྲ་གནས་བརྒྱུད་ལམ་རིགས་གཞུང་འབྲེལ་མ་ཡིན་པ་ཤུགས་ཆེན་པོ་ཡོང་གི་ཡོད་ཅིང་། རྒྱ་ནག་གིས་སྟངས་འཛིན་བྱ་རྒྱུར་དཀའ་ངལ་ཞིག་ཀྱང་འཕྲད་བཞིན་པ་རེད། ད་ལྟའི་ཆར་རྒྱ་ནག་མི་གྲངས་དུང་ཕྱུར་བཅུ་གསུམ་ལས་དུང་ཕྱུར་ ༤ ལྷག་གིས་དྲ་རྒྱ་བེད་སྤྱོད་གཏོང་གི་ཡོད་ལ། ཧྲང་ཧེ་ས་ཁོངས་གཅིག་པུར་མཚོན་ན། རྒྱ་ནག་གི་དྲ་རྒྱའི་སྟངས་འཛིན་ལས་བརྒལ་པའི་མཉེན་ཆས་བེད་སྤྱོད་བྱེད་མཁན་མི་ས་ཡ་གཉིས་ལྷག་འདུག དྲ་རྒྱ་བེད་སྤྱོད་གཏོང་མཁན་དུང་ཕྱུར་བཞི་ལས་དུང་ཕྱུར་ ༢ ཙམ་གྱིས་ཟིན་བྲིས་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། ང་ཚོས་དྲ་རྒྱ་བརྒྱུད་ནས་བོད་དོན་གླེང་སློང་བྱ་རྒྱུ་དེ་ལམ་ཁ་ཡག་ཤོས་གཅིག་ཆགས་ཡོད། དྲ་རྒྱ་མ་ཡིན་པའི་བརྒྱུད་ལམ་གཞན་པ་དམངས་ཁྲོད་ནས་འདོན་སྤེལ་བྱ་རྒྱུ་ཧ་ཅང་ཁག་པོ་རེད།

དེང་སང་གསར་འགྱུར་ལས་རིགས་དེ་ཚོང་གི་ངོ་བོར་འགྲོ་བཞིན་ཡོད་སྟབས། གསར་འགྱུར་ནི་ཚོང་ལས་ཁྲོམ་རའི་ནང་གི་ཚོང་རྫས་ཤིག་ཆགས་ཡོད་དུས། རྒྱ་ནག་གིས་སོ་སོའི་གསར་འགྱུར་ཕར་བཙོང་ཐུབ་ཀྱི་མེད་ནའང་། མི་གཞན་གྱི་གསར་འགྱུར་ཉོ་སྒྲུབ་བྱེད་པ་དང་། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་རྐང་ཆེན་པོ་བཞག་སྟེ། ཕྱི་ཕྱོགས་ཀྱི་གསར་ཁང་དང་བརྒྱུད་ལམ་ཁག་མང་པོ་རྒྱ་ནག་གིས་བེད་སྤྱོད་གཏོང་ཐབས་བྱེད་ཀྱི་ཡོད།

རྒྱ་ནག་གིས་ད་ལྟའི་བར་གསར་འགྱུར་བརྒྱུད་ལམ་ཐད། སྒྱུར་བཅོས་ཐེངས་གཉིས་གཏོང་དགོས་བྱུང་ཡོད། དང་པོ། དྲུག་བཞིའི་ལས་འགུལ་བྱུང་རྗེས་ཀྱི་ལོ་རབས་དགུ་བཅུ་བའི་ནང་སྒྱུར་བཅོས་ཤིག་བཏང་ཡོད་པ་དང་། ཐེངས་གཉིས་པ་ནི་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གིས་ཨོ་ལིམ་པིག་དཔལ་འབར་རྒྱལ་སྤྱིའི་སྟེང་ཁྱེར་སྐབས་ངོ་རྒོལ་ཤུགས་ཆེན་བྱུང་བ་དང་བོད་ནང་གི་ཞི་རྒོལ་ཆེན་མོ་བྱུང་པ་བཅས་ཀྱིས་རྐྱེན་པས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་ནས་གླེང་བརྗོད་ཀྱི་དབང་ཚད་རག་མི་འདུག་ཟེར་ནས། དེ་ལ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དེའི་ལས་གཞི་གཅིག་ནི་ད་ལོའི་ཕྱི་ཟླ་ ༧ པའི་ནང་ནས་རྒྱ་སྒོར་དུང་ཕྱུར་ ༤༥ ལྷག་གི་འགྲོ་གྲོན་བཏང་སྟེ། རྒྱལ་སྤྱི་རང་བཞིན་གྱི་བརྙན་འཕྲིན་ཞིག་འགོ་འཛུགས་བྱེད་མུས་རེད་ལ། གཙོ་བོ་དབྱིན་ཇིའི་སྐད་དང་། སྐད་རིགས་དྲུག་གི་ཐོག་རྒྱ་ནག་གི་ལྟ་བ་འཛིན་པའི་སི་ཨན་ཨན་(CNN)ལྟ་བུ་ཞིག་བཟོ་རྒྱུ་ཡིན་ཟེར་ནས། དེའི་གསར་འགོད་པ་དག་ཀྱང་ཕྱི་རྒྱལ་གྱི་མི་ལ་གླ་ཕོག་མཐོ་བོ་སྤྲད་དེ་འཚོལ་བསྡུ་བྱེད་མུས་རེད།  རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་མང་པོ་ཡོད་རུང་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་མེད་སྐོར་དཔྱད་བརྗོད་སྤེལ་མཁན་མང་པོ་རེད། སློབ་སྦྱོང་ཡོད་པ་ཚོས་ཡིད་ཆེས་བྱེད་ཀྱི་མེད་ནའང། རྒྱ་ནག་ནང་ཁུལ་གྱི་མི་མང་ནང་ནུས་པ་གང་འཚམས་ཐོན་གྱི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང།

{jcomments on}

Share this:
༣༩ ཀློག་གྲངས།