འབྲས་སྤུངས་སུ་འཇང་དགུན་ཆོས་ཆེན་མོ་འཚོག་བཞིན་པ།

གཞན་ཡང་གདན་ས་གསུམ་གྱིས་མཚོན་པའི་འཇང་དགུན་ཆོས་སུ་ཆེད་དུ་ཕེབས་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པས་གཙོའི་འབྲས་སྤུངས་སུ་རྒྱུན་བཞུགས་དང་ཕྱོགས་མཐའ་ཁག་ནས་ཕེབས་པ་སོགས་བསྡོམས་པའི་གྲྭ་མང་༧༠༠༠ མ་ཟིན་ཙམ་ཕེམས་ཡོད་པ་རེད།

jang gunchoe2

དེ་ཡང་ཐོག་མར་འབྲས་སྤུངས་ཁྲི་བ་རིན་པོ་ཆེས་འཇང་དགུན་ཆོས་ཀྱི་བྱུང་རིམ་སྐོར་ལ་གསུང་དོན། འཇང་དགུན་ཆོས་ཚོགས་ཟེར་བ་དེ་ཚད་མ་རྣམ་འབྲེལ་གྱི་ཆོས་ཐོག་ཅིག་རེད། ཚད་མ་རྣམ་འབྲེལ་ཟེར་བ་དེ་གཞུང་པོད་ལྔའི་ནང་ནས་ཡ་གྱལ་རེད། དང་པོ་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་གསུང་སྐབས་ཀྱང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དངོས་སུ་ཞལ་གཟིགས་ལུང་བསྟན་ཐོབ་ནས། ཚད་མ་ཀུན་བཏུས་རྩོམ་དགོས་ཚུལ་གསུངས་པ་ནང་བཞིན་ཚད་མ་ཀུན་བཏུས་དང་དེའི་འགྲེལ་བ་ཚད་མ་རྣམ་འགྲེལ་གཉིས་ལྗགས་རྩོམ་གནང་སྟེ་རིམ་པས་བོད་ལ་དར་ཡོད་པ་རེད། དེར་བརྟེན་ཚད་མའི་རིགས་ལམ་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། རྗེས་སུ་ཕྱྭ་བ་ཆོས་ཀྱི་སེངྒེའི་སྐབས་ལ་ཚད་མའི་གཞུང་ལུགས་ཏེ་ཧ་ཅང་དར་རྒྱས་སུ་སོང་ཡོད་པ་རེད། དེ་རྗེས་སུ་གདན་ས་གསུམ་ཕྱག་བཏབ་ནས་བཟུང་འཇང་དགུན་ཆོས་འཚོགས་ཏེ་༡༩༥༩ ལོའི་བར་དུ་འཚོགས་ཡོད་ཀྱང། དེའི་རྗེས་རེ་ཞིག་མེད་པར་གྱུར་བ་སོགས་དར་རྒུད་ཀྱི་བརྒྱུད་རིམ་མང་པོ་སོང་ཡོད་ཀྱང། ད་ལྟ་སླར་ཡང་འདི་ལྟར་འཚོགས་ཐུབ་ཀྱི་ཡོད་པས། ཚང་མའི་དུས་ཚོད་ཆུད་ཟོས་སུ་མ་སོང་བའི་ཐོག་སློབ་གཉེར་ཡག་པོ་གནང་རོགས་ཞུ་ཞེས་གསུངས་སོང་།

jang gunchoe1བློ་གླིང་མཁན་རིན་པོ་ཆེས་འཇང་དགུན་ཆོས་དང་འབྲེལ་བའི་སྐོར་ལ་གསུང་དོན། འཇང་དགུན་ཆོས་ཟེར་བའི་མིང་དེ་གང་ནས་བྱུང་ཡོད་མེད་དེ་བོད་ལ་འཇང་ཞེས་པའི་ས་ཆ་ཞིག་ཡོད་པ་རེད། དེ་ལ་འཇང་དགུན་ཆོས་འཚོགས་ཀྱི་ཡོད་པ་རེད། ལོ་ལྟར་དེར་འཇམ་དབྱངས་སྒྲུབ་ཕུག་ཏུ་ཡོང་ནས་འཇང་དགུན་ཆོས་འཚོགས་ནས་རྩོད་པ་ཞེ་དྲག་ཡོང་གི་ཡོད་པ་རེད། ཕྱིས་སུ་བཙན་བྱོལ་དུ་ཕེབས་རྗེས་ཤར་རྩེ་རྒན་ཐུབ་བསྟན་ཚེ་རིང་དང་བློ་གསལ་གླིང་རྒན་ལྷོ་པ་ཡེ་ཤེས་ཐབས་མཁས་གཉིས་ནས་རྩ་བའི་ཐུགས་འགན་འཁུར་ནས་ད་ལྟ་བར་མུ་མཐུད་འཚོགས་ཐུབ་ཡོད་པ་རེད། ཁོང་གཉིས་ཀྱི་མཛད་རྗེས་བསམ་གྱིས་མི་ཁྱབ་པ་རེད། ཚང་མས་དུས་ཚོད་ཆུད་ཟོས་དང་ལྷོད་གཡེང་སུ་མ་སོང་བའི་སྒོ་ནས་སློབ་གཉེར་ཡག་པོ་གནང་རྒྱུ་དང་ལྷག་པར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བའི་བདེ་སྐྱིད་ཆེད་དུ་ཀུན་སློང་བཟང་པོ་ཞིག་གི་ངང་ནས་སོ་སོས་སྐབས་སུ་བབ་པའི་ལས་འགན་གང་ཡིན་རུང་ཧུར་ཐག་གནང་དགོས་པ་རེད། སོ་སོ་ཡིན་ན་བློ་སྐྱེད་ཡག་པོ་རག་སོང། སློབ་གཉེར་ཡག་པོ་བྱེད་ཐུབ་སོང་བསམ་པའི་རྗེས་སུ་ཡི་རངས་བྱེད་ཆོག་པ་ཞིག་དང་རྩ་བའི་ང་ཚོ་༧གོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞི་གཞིར་བཟུང་ཐོག་ད་ལྟ་འདིར་འཇང་དགུན་ཆོས་ལ་ཕེབས་པ་ཚོས་མཚོན་པའི་ང་རང་ཚོ་དགེ་འདུན་པ་ག་ཚོད་ཡོད་པ་དེ་དག་མ་འོངས་བསྟན་པའི་མེ་རོ་གསོ་བྱེད་ཀྱི་སོན་རྩ་ལྟ་བུ་ཆགས་ཡོད་པ་རེད། དམིགས་ཡུལ་བཟུང་བ་དེ་རྒྱ་ཆུང་ཆུང་ཞིག་མ་ཡིན་པར་སྤྱིར་བཏང་ནས་ང་རང་ཚོའི་བསླབ་པ་སློབ་གཉེར་གནང་བ་དེ་མཐར་ཐུག་རྣམ་མཁྱེན་ཐོབ་པའི་དགོས་པ་རེད། ཡིན་ན་ཡང་གནས་སྐབས་ཀྱི་དགོས་པ་གལ་ཆེན་པོ་ཞིག་ལ་གཟིགས་ནས་མ་འོངས་པར་རང་དབང་སླར་གསོ་བྱུང་པའི་ཉིན་མོར་སོ་སོའི་ལུང་པའི་ནང་བསྟན་པའི་མེ་རོ་གསོ་ཐུབ་པ་ཞིག་ལ་དགོངས་པ་ཆེ་བཞེས་གནང་རོགས་ཞེས་གསུངས་སོང་།

jang gunchoe3ཡང་འབྲས་སྤུངས་སྒོ་མང་མཁན་རིན་པོ་ཆེས་ལམ་སྟོན་གསུང་བཤད་གནང་དོན། བོད་དུ་དབུས་ཕྱོགས་མ་གཏོགས་འཇང་དགུན་ཆོས་འཚོགས་ང་རང་གིས་མ་ཤེས་པ་མིན་ན་ཡོད་པ་མ་རེད། ཆོས་ལུགས་དང་དགོན་པ་ཕན་ཚུན་མཐུན་འབྲེལ་ཡོང་རྒྱུའི་ཆེད་དུ་འཇང་དགུན་ཆོས་མཉམ་དུ་འཚོགས་ཐུབ་པ་བྱུང་ན་ཡག་པོ་རེད་དྲན་གྱི་ཡོད། དུས་རྒྱུན་༧གོང་ས་མཆོག་གི་དགོངས་གཞིར་ཆོས་བརྒྱུད་ལྔ་དང་ཆོལ་ཁ་གསུམ་རྡོག་རྩ་གཅིག་བསྒྲིལ་དགོས་པ་ཕྱག་ལས་གནང་སྟངས་གཅིག་གི་གོ་ཐུབ་པ་ཞིག་རེད། ལྷག་པར་ང་ཚོའི་ཚད་མ་རྣམ་འགྲེལ་གྱི་བཤད་པའི་རིག་པའི་རྣམ་བཞག་གཏན་ལ་ཕབ་ནས་འགྲོ་ཡི་ཡོད་རེད། བོད་རྒྱ་མིའི་ལག་པར་ཤོར་ནས་ལོ་ལྔ་བཅུ་ལྔ་གཅིག་ཙམ་འགྲོ་གི་ཡོད་པ་རེད། གཞན་ཡང་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གཉིས་ཕལ་ཆེར་ཆག་འཇིག་གིི་མཚམས་སུ་སླེབས་ཀྱི་ཡོད་པ་རེད། བོད་ནང་ལོགས་སུ་སྲོག་འབེན་དུ་བཞག་ནས་ཆོས་དང་རིག་གཞུང་སྲོང་སྐྱོབ་བྱེད་ཀྱི་ཡོད་ཀྱང། རང་དབང་མེད་པས། དོན་ཕན་སོན་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲ་ཡིན་པས་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོའི་སོ་སོའི་ཆོས་དང་རིག་གཞུང་ཉེན་ཁ་ལས་སྲུང་སྐྱོབ་བྱེད་རྒྱུའི་ཆེད་དུ་ཚད་མ་རྣམ་འགྲེལ་གྱིས་མཚོན་པའི་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས། གཞན་པ་ང་ཚོར་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་རོགས་རམ་ཁ་ཞེ་གཉིས་མེད་ཀྱི་ཐོག་བྱེད་མཁན་ཡོད་པ་ཅུང་ཁག་པོ་རེད་དྲན་གྱི་ཡོད། དེར་བརྟེན། ང་ཚོའི་དགོངས་པ་ཆེ་བཞེས་ཀྱི་ཐོས་བསམ་སློབ་གཉེར་ཐོག་འབད་བརྩོན་གནང་རོགས་ཞེས་གསུངས་སོང་།

མཇུག་ཏུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་རྒན་བློ་བཟང་དགེ་ལེགས་མཆོག་ནས་འཇང་དགུན་ཆོས་ཚོགས་སྐབས་ཀྱི་སླབ་པ་སློབ་གཉེར་བྱེད་ཕྱོགས་དང་སྒྲིག་ལམ་ཀུན་སྤྱོད་ཁུར་སྟངས་སོགས་དཔལ་ལྡན་འབྲས་སྤུངས་གྲྭ་ཚང་གི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཐོག་ཕེབས་དགོས་སྐོར་སོགས་ལམ་སྟོན་གསུང་བཤད་གནང་སོང་།།  མོན་གྷོ་གསར་འགོད་པས།

{jcomments on}

Share this:
༧༧ ཀློག་གྲངས།