ཀརྨ་པ་དགུ་བརྒྱའི་དུས་དྲན་དབུ་འབྱེད་མཛད་སྒོ།

3karmaba_8_decembet_2010

༧གོང་ས་མཆོག་གི་གསུང་འཕྲིན་ནང། “རང་གི་བླ་མས་གང་གསུངས་པ་དེ་ཉམས་ལེན་དུ་སྐྱེལ་ཐུབ་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞིག་ཡོང་རྒྱུ་རེད། ཆོས་ལུགས་རིས་སུ་མ་ཕྱེ་བའི་ནང་པ་སངས་རྒྱས་པའི་གཞུང་དོན་ལ་སློབ་གཉེར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོང་རྒྱུར་ངོས་ཀྱིས་དོན་གཉེར་བ་ཚོར་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་ནས་བསྟན་པ་ཡར་འཕེལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡༢ ཚེས་ ༨ ཉིན་གྱི་ཞོགས་པ་གནས་མཆོག་རྡོ་རྗེ་གདན་དུ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་༩༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་ཡོད་ལ། མཛད་སྒོ་དེར་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང། ཆོས་རིང་བཀའ་བློན་ཚེ་རིང་ཕུན་ཚོགས། འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་སྤྱི་འཐུས་རྣམ་པ། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ། ས་སྐྱ་ཁྲི་འཛིན་གོང་མ་རིན་པོ་ཆེའི་སྐུ་ཚབ། འབྲི་གུང་ཆེ་ཚང་རིན་པོ་ཆེའི་སྐུ་ཚབ། འབྲུག་ཁམས་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉི་མའི་སྐུ་ཚབ། རྒྱུད་སྟོད་མཁན་རིན་པོ་ཆེ། གཞན་ཡང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བླ་སྤྲུལ། མཁན་པོ། གྲྭ་ཚང་ཁག་གི་ཕྱག་མཛོད་སོགས་སྐུ་མགྲོན་ ༣༠༠ ཙམ་ཆེད་ཕེབས་གནང་ཡོད་ལ་ཁྱོན་རྒྱལ་ཕྱི་ནང་ནས་ཕེབས་པའི་སེར་སྐྱ་མི་གྲངས ༦༠༠༠ ལྷག་འཛོམས་ཡོད་པ་རེད།

དེ་ཡང་མཉམ་མེད་དྭགས་པོ་ལྷ་རྗེའི་ཐུགས་སྲས་གྲུབ་ཐོབ་ཁམས་པ་མི་གསུམ་གྱི་ཡ་གྱལ། ཁམས་པ་དབུ་སེའམ་རྗེ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་བོད་མདོ་ཁམས་ཏྲེ་ཤོད་དུ་སྐུ་འཁྲུངས་ནས་མི་ལོ་ཧྲིལ་པོ་ ༩༠༠ འཁོར་བར་རྗེས་དྲན་གྱི་མཛད་སྒོ་འདི་བཞིན་ལོ་ངོ་གཅིག་རིང་འཛམ་གླིང་རྒྱལ་ཁབ་དུ་མར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་དེ་དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་དངོས་སུ་དབུ་ཚུགས་ཡོད་པ་རེད།

ཐོག་མར་ཞོགས་པ་ཆུ་ཚོད་ ༨ དང་ཕྱེད་ཐོག་དགེ་འདུན་པ་རྣམས་པས་གཙོས་སྐུ་མགྲོན་སེར་སྐྱ་ཚང་མ་རྡོར་གདན་གཏེར་སྒར་དགོན་གྱི་ཉེ་འགྲམ་དགུ་བརྒྱའི་དུས་དྲན་མཛད་སྒོའི་ཚོགས་ཁང་དུ་འཛོམས་ནས་༸རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་ཕེབས། དེ་ནས་དུང་རྒྱ་རོལ་མོ་འཕན་གདུགས་རྒྱལ་མཚན་སོགས་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མདུན་བསུས་ཏེ་རྗེ་དུས་གསུམ་མཁྱེན་པའི་སྐུ་གསུང་བྱོན་མ་གདན་འདྲེན་ཞུས་རྗེས་༸མཛད་སྒོའི་གཙོ་སྐྱོང་པ་༸གོར་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཤིས་ཚིག་བརྗོད་ནས་ཚོགས་མི་ཡོངས་ལ་འཚམས་འདྲི་གནང་།

 

2karmaba_8_decembet_2010

དེ་ནས་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ནས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་ཞལ་དབྱེ་དང་། དགུ་བརྒྱའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་ཁག་གཉིས་དབུ་འབྱེད་གནང་རྗེས་རྒྱ་གར་ལྷོ་ཕྱོགས་ནས་གདན་དྲངས་པའི་སྲོལ་རྒྱུན་རོལ་དབྱངས་དང་ལྷག་པར་དོ་ཧཱ་རྡོ་རྗེའི་མགུར་དབྱངས་ལ་བྱང་ཆུབ་པ་ཁག་ཅིག་གིས་དོ་ཧཱ་རྡོ་རྗེའི་མགུར་ལེགས་སྦྱར་གྱི་སྐད་ཐོག་ནས་གདངས་སུ་གྱེར།

དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོར་བསྩལ་བའི་གསུང་འཕྲིན་རིན་པོ་ཆེ་སྒྲོགས་སྦྱང་གནང་བ་དང་དེ་རྗེས་ས་སྐྱའི་སྤྱི་འཐུས་ག་གཟི་དགེ་བཤེས་ཚེ་རིང་པོ་མཆོག་ནས་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་དགུ་བརྒྱའི་དུས་དྲན་ལ་བསྩལ་བའི་གསུང་འཕྲིན་རིན་པོ་ཆེ་སྒྲོགས་སྦྱང་གནང་། དེ་ནས་རུམ་བཏེག་ཕྱག་མཛོད་ཀརྨ་ཅུང་རྒྱལ་པ་ནས་རྒྱ་གར་བྷིས་ཧར་མངའ་སྡེའི་བློན་ཆེན་དང། འབྲས་ལྗོངས་མངའ་སྡེའི་བློན་ཆེན་གཉིས་ཀྱིས་ཐེངས་འདིའི་མཛད་སྒོར་གནང་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་།

དེ་ནས་༸རྒྱལ་དབང་ཀརྨ་པ་མཆོག་ནས་དུས་དྲན་མཛད་སྒོ་འདི་བཞིན་ཚོགས་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བཅས་ཀྱི་བཀའ་སློབ་བསྩལ་དོན། ད་རེས་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་དང་སྦྲགས་ང་རང་ལྟ་བུར་མཚོན་ན་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ་རྗེ་ཀརྨ་པའི་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ཏུ་འཚོ་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་ཀྱི་མཛད་སྒོ་འདི་བཞིན་ལོ་རྒྱུས་ཀྱི་བྱུང་རབས་ནང་རྗེ་ཀརྨ་པས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཇི་བསྐྱངས་རྣམས་གསལ་འདེབས་དང། མ་འོངས་པར་ཡང་བསྟན་པ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན། ཞེས་དང། གཞན་ཡང་ད་ལྟའི་དུས་རབས་འདིར་ཚན་འཕྲུལ་སོགས་ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་ནང་སེམས་ཀྱི་བདེ་བ་དེ་ཙམ་ཡར་རྒྱས་ཡོང་གི་མེད་སྟབས་གཞོན་སྐྱེས་མི་རབས་རྣམས་ཀྱི་ནང་ཆོས་ལས་གསུངས་པའི་ཡ་རབས་བཟང་སྤྱོད་ལས་བརྩམས་ཏེ་ནང་སེམས་ཀྱི་བདེ་བ་བསྐྲུན་ཐབས་ལ་འབད་འབུངས་ཡོང་བའི་རེ་བ་བཅས་ཀྱིས་འདི་བཞིན་གོ་སྒྲིག་གནང་བ་ཡིན་སྐོར་གྱི་གསུང་བཤད་སྙིང་གི་བདུད་རྩི་ཅི་དགའ་རུ་བསྩལ་སོང།

 

1karmaba_8_decembet_2010

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་ཐེངས་འདིའི་མཛད་སྒོ་འདི་བཞིན་གལ་གནད་ཆེ་བ་དང་རྗེས་དྲན་ཞུ་འོས་པ་ཞིག་ཡིན་སྐོར་གྱི་གསུང་བཤད་གནང་།

བཀའ་བློན་ཁྲི་པ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན། ཐེངས་འདིའི་མཛད་སྒོ་འདི་ཉིད་ལོ་རྒྱུས་ཀྱི་བྱུང་རབས་ནང་དོན་སྙིང་ལྡན་པ་དང་མ་འོངས་པར་རྒྱལ་བསྟན་སྤྱི་དང་ཁྱད་པར་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་གནང་ཕྱོགས་སྐོར་ཚང་མས་ཐུགས་ལ་འཛིན་དགོས་པའི་གསལ་འདེབས་ཤིག་ཆགས་ཀྱི་ཡོད་ཚུལ་དང་། གཞན་ཡང་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་མཛད་རྗེས་གཙོ་བོ་ཁག་རེ་རེ་བཞིན་ངོ་སྤྲོད་དང་སྦྲགས་ང་ཚོ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་ངོ་ཆིག་སྟོང་ལྷག་སོང་ཡོད་པ་དང། བོད་སིལ་བུའི་སྐབས་རྒྱལ་བསྟན་ཉག་ཕྲ་བའི་སྐབས་སུ་རྗེ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་རྒྱ་ནག་གོང་མ་རིམ་བྱོན་གྱི་དབུ་བླར་ཕེབས་ནས་བསྟན་པ་སྟོབས་ཀྱིས་སྐྱོང་བའི་བཀའ་དྲིན་བརྗོད་ཀྱིས་མི་ལངས་པ་བསྐྱངས་ནས་ད་བར་མི་ལོ་ ༩༠༠ འགྲོ་གི་ཡོད་དུས་ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་པ་དང། ཁྱད་པར་ཀརྨ་པ་སྐུ་ཕྲེང་དགུ་པ་ནས་བཟུང་༸གོང་ས་སྐུ་ཕྲེང་རིམ་བྱོན་བར་འབྲེལ་བ་དམ་ཟབ་བྱུང་ཡོད་ལ། ལྷག་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རྣམ་གཉིས་ཕན་ཚུན་ཐུགས་སྣང་གཅིག་འདྲེས་ཀྱིས་རྒྱ་དཀར་ནག་སོགས་ཡུལ་གྲུ་དུ་མར་ལྷན་ཅིག་ཏུ་ཕེབས་པ། བཙན་བྱོལ་དུའང་བོད་ཀྱི་བདེན་མཐའ་བསལ་ཐབས་ཆེད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་ཡོད་པས་མཚོན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་མང་པོ་བསྐྱོན་ཡོད་པ་དང། ད་ལྟའི་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ཁོང་ལྟ་བུར་མཚོན་ན་ད་ལྟ་བར་དུ་སྐུ་ཕྲེང་བཅུ་དྲུག་བར་ཕེབས་པའི་མཛད་པ་ཚང་མ་བདག་གིར་བཞེས་ཐུབ་པའི་རེ་བ་དང་གོ་སྐབས་གཉིས་ཀ་ཡོད་པ་རེད། ཁོང་རྣམ་པའི་མཛད་འཕྲིན་རྒྱས་མིན་དེ་གདུལ་བྱའི་བསོད་ནམས་ཀྱི་དཔུང་པས་འཁྱོག་མིན་ལ་རག་ལུས་ཡོད་པས་གདུལ་བྱ་ཚུལ་རོལ་མཐོང་བ་རྣམས་བསོད་ནམས་མ་ཡིན་པའི་རྒྱུ་ཚོགས་འཕེལ་བའི་སྐབས་བསྟན་འཛིན་གྱི་སྐྱེས་ཆེན་ཚོར་དད་ལོག་དང་ཕན་ཚུན་ཐུགས་སྣང་མ་གཤིན་པའི་རྣམ་པ་མཐོང་བ་ལས་ཁོང་རྣམ་པ་ནི་ཐུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པ་ཤ་སྟག་ཡིན་དུས་ཚུར་མཐོང་གི་སྣང་ངོར་གྲུབ་པ་ནང་བཞིན་ཡོད་མི་སྲིད། དེས་ན་ང་ཚོ་བོད་གངས་ཅན་པའི་བསྟན་འཛིན་སྐྱེས་ཆེན་ཚོའི་མཛད་འཕྲིན་རྒྱས་པར་གདུལ་བྱ་རྣམས་ཀྱིས་བསོད་ནམས་གསོག་རྒྱུ་གལ་ཆེན་ཡིན་སྐོར་ཀྱང་གསུངས་སོང་།

ལྷག་པར་བཀའ་ཁྲི་མཆོག་ནས་ཁོང་སྐུ་སྒེར་གྱི་ངོས་ནས་ཀྱང་ཀརྨ་པར་འབྲེལ་བ་ཆེན་པོ་ཞིག་ཡོད་པ་ནི་ང་ཚོའི་ལུང་པའི་མི་དེ་ཚོའི་ཁ་རྒྱུན་དུ་འཇགས་བསྡད་པ་ཞིག་ལ་ལས་ཀ་གལ་ཆེན་ཞིག་གོ་བ་དང་མཐོང་བ་སོགས་ཀྱི་སྐབས། ལམ་སེང་ཨོའོ་ཀརྨ་པ་མཁྱེན་ཞེས་ཀུན་གྱིས་ངག་ནས་རང་བྱུང་གིས་ཐོན་བཞིན་པ་ཞིག་ཡོད། འདི་ནི་རྗེ་ཀརྨ་པཀ་ཤི་ཁ་བ་དཀར་པོའི་གནས་སུ་ཡུན་རིང་བཞུགས་པ་ལོ་རྒྱུས་སུ་གསལ་ཡོད་པ་དེའི་སྐབས་ནས་འདི་བཞིན་ང་ཚོའི་ལུང་པར་ངག་རྒྱུན་དུ་འཇགས་པ་ཞིག་ཡིན་ས་རེད། ཅེས་གསུངས། གཞན་ཡང་ད་རེས་ཁོང་མཛད་སྒོ་འདིར་ངོ་བཅར་ཐུབ་པ་དེ་ཆེས་སྐལ་པ་བཟང་པོ་ཞིག་བྱུང་ལ། ང་ད་ལྟ་བཀའ་ཁྲིའི་ལས་ཡུན་རྫོགས་མེད་སྟབས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཆགས་པ་རེད། ཅེས་སོགས་གསུངས་སོང་།

དེའི་རྗེས་སུ་བོད་གཞུང་ཟློས་གར་ཚོགས་པས་གླུ་གར་མཁའ་ཁྱབ་མ་ཞེས་པ་ཚོགས་ཞུགས་པ་ཡོངས་ལ་གཟིགས་འབུལ་ཞུས་ནས་དགུ་བརྒྱའི་དུས་དྲན་དབུ་འབྱེད་ཀྱི་མཛད་སྒོ་ཐོག་མ་དེ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད།།

{jcomments on}

Share this:
༢༢ ཀློག་གྲངས།