ཆོས་སྲིད་ཟུང་འཇུག་གི་དཔྱད་ཞིབ།

ང་ཚོས་ཆོས་སྲིད་ཟུང་འབྲེལ་དང་ཆོས་པས་སྲིད་སྐྱོང་འོས་མིན་གྱི་རྣམ་དབྱེ་འབྱེད་སྐབས་གོ་དོན་འདི་གཞིར་བཞག་བྱས་ནས་གླེང་དགོས་པ་ལས་རྒྱལ་ཁབ་གཞན་དག་དང་གྲུབ་མཐའ་གཞན་དག་གི་ཆོས་དང་ཆབ་སྲིད་ཀྱི་གོ་དོན་གྱིས་མིང་ཚིག་འདི་གཉིས་མེ་ཆུ་ལྟ་བུའི་གནས་ལུགས་ལ་འགྲེལ་བ་ནི་འོས་འཚམས་ཀྱི་གླེང་སྟངས་ཤིག་མིན། ཆོས་སྲིད་ཁ་ཁར་དབྱེ་དགོས་པ་ལས་ཟུང་འབྲེལ་ཡོང་ཐབས་མེད་པའི་བསམ་ཚུལ་འདི་ནི་ནུབ་ཕྱོགས་ནས་འགོ་བཙུག་པའི་ལྟ་གྲུབ་ཅིག་ཡིན། དེ་ཡང་སྐབས་དེའི་ཆོས་སྲིད་ཅེས་པའི་ཆོས་དང་སྲིད་ནི་འཇིག་རྟེན་བཀོད་པ་པོ་དཀྱིལ་སྙིང་དུ་འཛིན་པའི་ཆོས་དང་མི་ཆོས་གཙོ་གནད་དུ་འཛིན་པའི་སྲིད་གཉིས་ལ་བྱེད། འོན་ཀྱང་ཟུང་འབྲེལ་ཡོང་ཐབས་མེད་པའི་རྒྱུ་མཚན་ནི་ཆོས་སྲིད་ཀྱི་ངོ་བོའི་ཐོག་ནས་མིན་པར་ལག་བསྟར་བྱེད་སྟངས་ཀྱི་ཐོག་ནས་ཆོས་ཀྱི་དབུ་ཁྲིད་ཀྱིས་སྲིད་ཀྱི་དབང་ཆ་སྒེར་བཟུང་བྱེད་པའི་བྱ་སྤྱོད་དེ་རེད། དེའི་རྒྱུ་མཚན་ཡང་མང་གཙོ་དང་རང་དབང་ལ་གལ་ཆེན་དང་བརྩི་མཐོང་བྱེད་པའི་བསམ་བློའི་གོ་རྟོགས་སད་པའི་ཆ་ནས་རེད། མང་གཙོའི་ལམ་སྲོལ་གྱི་བགྲོད་ལམ་དུ་གོམ་པ་སྤོས་ཟིན་པའི་ང་ཚོར་མཚོན་ན་ཆོས་དང་ཆབ་སྲིད་ཟུང་འབྲེལ་མི་རུང་བའི་རྒྱུ་མཚན་དུ་ནུབ་ཕྱོགས་པའི་གཞུང་ལུགས་དག་གི་དཔུང་ཤེད་ངོམ་པ་ནི་“འབེན་མེད་སར་མདའ་འཕེན་པའི་”དཔེ་ལས་མ་འདས་པས་དགོད་བྲོ་བ་ཞིག་དང་སྙིང་རྗེ་བ་ཞིག་ཀྱང་རེད།

མང་གཙོའི་ལམ་སྲོལ་གྱི་རྗེས་ལ་བསྙེགས་ཏེ་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་རང་གིས་འདེམས་སྒྲུག་བྱེད་པའི་སྐབས་འདིར། ཆབ་སྲིད་བསམ་བློ་གདན་སར་སླེབས་པ་བཀག་འགོག་དགོས་ཚུལ་དང་། གྲྭ་པ་དང་བླ་མར་ཆབ་སྲིད་ཀྱི་རྐུབ་སྟེགས་སྤྲོད་མི་རུང་ཚུལ། ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཚུལ་སོགས་ཀྱི་ལྟ་ཚུལ་ཡང་སྒྲོག་གི་འདུག ལྟ་ཚུལ་འདི་དག་མདོར་བསྡུས་ན་ཆོས་པས་ཆོས་བྱས་ནས་ཆོས་པའི་ས་ན་སྡོད་དགོས་ཤིང་། འཇིག་རྟེན་པས་འཇིག་རྟེན་སྲིད་ཀྱི་རྣམ་བཞག་བསྐྱངས་ནས་འཇིག་རྟེན་པའི་ས་ནས་སྡོད་དགོས་ཞེས་པ་དེ་རེད། ཞིབ་ཏུ་བསམ་བློ་ཞིག་བཏང་ན་འདི་ནི་ད་ལྟའི་བོད་གངས་ཅན་པའི་གནས་བབ་ལ་ལྟོས་ན་གཏན་ནས་ཡོང་ཐབས་མེད་པ་ཞིག་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་ལྷག་འདས་ཟིན། མི་ལོ་དེ་དག་གི་རིང་ཆབ་སྲིད་དང་། དཔལ་འབྱོར་སོགས་གང་ཅིའི་ཐད་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བའི་གནས་སྟངས་ཤིག་ཆགས་ཡོད་པའང་ཆོས་པ་སྟེ་གྲྭ་པ་དང་བླ་མས་སྲིད་བསྐྱངས་ཤིང་དབུ་ཁྲིད་ནས་བྱུང་བ་ཡིན་ལ། ཆབ་སྲིད་དང། དཔལ་འབྱོར། འཕྲོད་བསྟེན། རིག་གཞུང་དར་སྤེལ་སོགས་བླ་མ་དང་གྲྭ་པ་མཉམ་ཞུགས་དང་འགན་མཉམ་ཁུར་བྱས་ནས་གྲུབ་འབྲས་ཐོབ་པ་ཡིན་པ་ལས། ཆོས་པ་ཆབ་སྲིད་ཀྱི་བྱ་བར་ཞུགས་ནས་གཏོར་བཤིག་དང་རྒུད་པའི་ལམ་དུ་ཁྲིད་པའི་གནས་སྟངས་ཤིག་སྟོན་རྒྱུ་མེད། དགོན་སྡེ་དང་སློབ་གྲྭར་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་མཁན་མང་ཆེ་བ་ནི་བླ་མ་དང་གྲྭ་པ་ཡིན་ལ་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་དུ་བླངས་ཏེ་བོད་མི་རིགས་ཀྱི་ངོ་བོ་ཚུགས་ཐུབ་ཏུ་སྐྲུན་མཁན་ཡང་བླ་གྲྭ་དང་གྲྭ་ཟུར་ཚོ་ཡིན་ཞེས་བཤད་ན་ཕལ་ཆེར་ཐལ་ཆེ་མེད། ཆབ་སྲིད་ཀྱི་ངོས་ནས་བལྟས་ན་ཡང་མཁས་དབང་བླ་མ་ཟམ་དོང་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་རུལ་སུངས་ཀྱི་གནས་སྟངས་རྩ་མེད་དང་། ཤེས་ཡོན་སྲིད་ཇུས་གསར་པའི་ལས་རིམ་གཏན་འབེབས་སོགས་ཀྱི་མཛད་འགན་གཙོ་བོར་བཞེས་པ་དང་། བོད་རྒྱ་འབྲེལ་ལམ་གྱི་ཐད་ནས་ཀྱང་རྒྱ་ནག་གི་དབུ་ཁྲིད་ཚོས་ངོས་ནས་བརྡ་ལན་མ་སྤྲད་པ་མ་གཏོགས་བཙན་བྱོལ་བོད་གཞུང་གི་ངོས་ནས་འདི་ནས་འཐུས་ཤོར་འགྲོ་སོང་བསམ་པའི་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་ཅིག་ཆོས་སྲིད་ཟུང་འབྲེལ་གྱིས་བོད་ཕོངས་པར་སྨྲ་མཁན་ཚོས་ཚིག་གཅིག་ཀྱང་བརྗོད་ཐུབ་མེད།

འདི་ནི་བླ་གྲྭས་སྲིད་བསྐྱངས་པའི་གྲུབ་འབྲས་ཡིན་ལ་འཛིན་སྐྱོང་ལ་ཆོས་ཀྱི་བསམ་བློ་ཡོད་པས་དགེ་མཚན་གྱི་ནུས་པ་ཡིན། སྔོན་མ་སྔོན་མ་ཞིག་ལ་སྲིད་དབང་འཛིན་པའི་བླ་མ་དང་གྲྭ་པ་ཁ་ཤས་ཤིག་གི་བྱེད་སྟངས་མ་འགྲིག་པའི་གནས་ཚུལ་བྱུང་མྱོང་བ་རྒྱུ་མཚན་དུ་བྱས་ནས་བླ་གྲྭ་ཚོ་སྲིད་སྟེགས་སུ་ཞུགས་མི་རུང་བའི་གནས་ལུགས་བགྲང་པ་ནི་ཞིབ་ཉན་བྱས་ན་བསམ་བློའི་གོ་རྟོགས་ཟབ་པའི་བརྗོད་པ་ཞིག་རྩ་ནས་མ་རེད། ལར་ནས་ཞི་བ་མྱང་འདས་ཁོ་ན་ལས་སྲིད་པ་འཇིག་རྟེན་གྱི་བྱ་བ་དོན་དུ་མི་གཉེར་བའི་ཆོས་པ་ག་ཚད་ཡོད། ང་ཚོའི་སེམས་ན་རྩིས་མི་ཐེབས་པའི་གྲངས་ཀ་ཞིག་མེད་ལ། གང་ལ་གང་འདུལ་དེ་ལ་དེ་སྟོན་པའི་ཁྱད་འཕགས་ཆོས་ཀྱི་བསམ་བློ་མངའ་མཁན་ཞིག་གིས་ཆོས་ཀྱི་བསམ་བློས་སྲིད་ཀྱི་བྱ་བཞག་སྐྱོང་བར་འགལ་བ་ཅི་ཡང་ཡོད་མི་སྲིད། ཕྱོགས་གཞན་ཞིག་ནས་བློ་གཅིག་སེམས་གཅིག་དང་བློ་བརྟན་འགྱུར་མེད་ཀྱིས་བསྟན་པ་སྲུང་སྐྱོབ་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་མང་ཆེ་བའང་བླ་མ་དང་གྲྭ་བཙུན་ཡིན་ལ་ཁོང་ཚོར་བུ་ཕྲུག་གཉོར་སྐྱོང་དང་བཟའ་ཟླའི་འཆར་འགོད་ཀྱི་བཀག་རྒྱ་མེད་པས་ཆབ་སྲིད་ཀྱི་སྲིད་སྟེགས་རག་ན་སྐྱ་བོ་ཚོ་ལས་ནུས་པ་དང་གོ་སྐབས་ཆེས་མང་པ་ཐོབ་ཡོད། དེས་ན་བོད་གངས་ཅན་གྱི་བསྟན་དང་འགྲོ་ལ་གཅིག་ཏུ་དུང་ཞིང་ཕྱོགས་ཞེན་དང་རིས་གཅོད་ཀྱི་ལྟ་བ་བྲལ་བའི་བླ་གྲྭ་འཇོན་ཐང་ཅན་ཚོར་གོ་སྐབས་ཕུལ་ན་ད་ལྟའི་བོད་ཀྱི་གནས་བབས་ལ་ཕན་ཐོགས་ཆེ་བའི་ལེགས་ཆ་ཧ་ཅང་མང་། ང་ཚོས་བླ་གྲྭ་འཇོན་ཐང་ཅན་ཚོར་དབུ་ཁྲིད་ཀྱི་ཐོབ་དབང་འབུལ་དགོས་ཤིང་དེ་ནི་ལྐོག་ཟ་རུལ་སུངས་དང། སྤྱི་ལས་སྒེར་གཙོ་བྱེད་པའི་བྱ་སྤྱོད་ཉུང་འཕྲི་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན། གདན་སར་ཆབ་སྲིད་ལ་དོ་སྣང་སླེབས་པ་ནི་ང་ཚོ་གཉིད་ལས་སད་ནས་འགུལ་བསྐྱོད་བྱེད་པའི་རྣམ་པ་ཞིག་དང་དགོས་ངེས་ཀྱི་ལེགས་ཆ་ཞིག་ཡིན་པས་དགའ་དགོས་པ་ལས་སྐྲག་དགོས་དོན་མེད། འོན་ཀྱང་གཟབ་དགོས་པ་ཞིག་ལ་སྒྲོབ་ཤོབ་དང་རིས་གཅོད་ཀྱི་དཔུང་བ་གྲོས་ཚོགས་ཀྱི་སྟེགས་བུ་ནས་ངོམ་མཁན་གྱི་དགེ་བཤེས་ཚོ་དང་སྤོ་ལགས་ཚོ་ལ་ང་ཚོས་དུས་ནམ་ཡང་གོ་སྐབས་སྤྲོད་མི་རུང་།།

{jcomments on}

Share this:
༤༥ ཀློག་གྲངས།