རྒྱ་མིས་བོད་ཕྲོགས་པ་མིན་པར་ང་ཚོས་ཕར་ཕུལ་བ་ཞིག་རེད།

རྒྱུ་མཚན་ནི། ང་ཚོས་འདས་པའི་ཕམ་ཁ་དག་ལ་ཕྱིར་འདང་ནན་པོ་མ་བྱས་པ་དང་། མ་འོངས་པའི་ལམ་བུ་གསར་གཏོད་བྱེད་མ་ཐུབ་པས་མ་ཟད། འཆར་ཅན་གཅིག་སེམས་གཅིག་སྒྲིལ་གྱི་ཆིག་སྒྲིལ་གོང་བུ་ཞིག་མེད་པའི་ཁར། བྲན་གཡོག་ལམ་ལུགས་སྟེ་བཤུ་གཞོག་གྲལ་རིམ་མེད་པར་བཟོ་མ་ཐུབ་པ་དང་། བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ཏེེ་བླ་དྲག་མི་དྲག་སྐུ་དྲག་སོགས་ཀྱི་ལམ་ལུགས་དེས། བོད་དེ་རྒྱ་མིའི་ལག་ཏུ་སྤྲད་པ་རེད་ཅེས་བཤད་ན་ཅི་ཟེར། དེ་འདྲའི་ལམ་ལུགས་དེས་ང་ཚོའི་གོང་བུ་གཅིག་གྱུར་གྱི་ཆིག་སྒྲིལ་གྱི་ནུས་པ་བཅོམ་པ་དང། ང་ཚོའི་བོད་མི་རིགས་ཀྱི་བདེ་སྐྱིད་ཀྱང་བརྒྱབ་སྐྱུར་བྱས་པ་རེད། ངས་ཁྱེད་རང་ཚོར་དྲན་གསོ་སློང་རྒྱུ་ཞིག་ལ། དེ་སྔོན་བོད་ནང་དུ་ཆོལ་ཁ་སོ་སོའི་ཕྱོགས་རིས་ཀྱི་སྡེ་ཁག་དབར་འཁྲུག་རྩོད་ཤོར་བ་དང། ཆོས་བརྒྱུད་ཕན་ཚུན་འཐེན་འཁྱེར། འགོ་པ་ནང་ཁུལ་འཁོན་འཛིན། ཐོབ་དང་གོ་ས་རྩོད་པ་སོགས་བསྟུད་མར་གནས་པའི་སྐབས། རྒྱ་མི་ཁོ་ཚོ་དང་པོར་ང་ཚོའི་མཉམ་དུ་ཞི་འགྲིག་དང་མཉམ་འབྲེལ་སོགས་ཀྱི་ཆེད་དུ་ཡོང་བ་རེད། དེ་དུས་ཁོ་ཚོར་བོད་དེ་དབང་བསྒྱུར་དང་ཆབ་སྲིད་ཀྱི་བསམ་བློ་སྤུ་ཙམ་ཡང་མེད་པ་རེད་དེ། ང་ཚོར་ཆིག་སྒྲིལ་གྱི་ནུས་པ། རང་ཡུལ་རང་སྐྱོང་གི་ནུས་པ་རྩ་བ་ནས་མེད་ཐོག བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་དེས་རྒྱ་མིའི་ཆབ་སྲིད་པ་ཚོར་སེམས་ཤུགས་སྤར་བ་རེད། དེ་འདྲ་སོང་བ་ཡིན་པས། རྒྱ་ནག་གི་སྲིད་ཇུས་ནག་པོའི་རིང་ལུགས་པ་ཚོ། བོད་དུ་རྐང་བརྐྱངས་ལག་བགྲད་བྱེད་པའི་གོ་སྐབས་དེ་རག་པ་རེད། དེར་བརྟེན་དོན་དུ་བོད་དེ་རྒྱ་མིའི་ལག་ཏུ་ཕུལ་བ་དང་ཁྱད་པར་ཅི། ང་ཚོས་ཕར་རྒྱ་མིར་སྤྲད་པ་རེད་ཟེར་དོན་ཡང་དེར་གཞིགས་ན་ཆོག

གལ་སྲིད་སྔོན་གྱི་སྡེ་པ་གཞུང་གི་རྩ་ཚིག་‘ཉི་འོག་ཏུ་འཁོད་པའི་སྐྱེ་རྒུ་ཡོངས་ལ་བདོ་བ’་ཞེས་དང་‘སྐྱེ་རྒུ་ཡོངས་ལ་བཀའ་ཕབ་པ’་ཞེས་པའི་འབྲུ་དོན་བཞིན་ལག་བསྟར་བྱས་ཡོད་ན། གལ་སྲིད་བླ་དྲག་མི་དྲག་སྐུ་དྲག་སོགས་ཀྱི་ཁྱིམ་རྒྱུད་ཀྱིས་སྡེ་པ་གཞུང་བཟུང་མེད་ན། གལ་སྲིད་ཁ་ཙམ་ཚིག་ཙམ་མིན་པ་དངོས་གནས་ཀྱི་ཆིག་སྒྲིལ་གོང་བུ་ཞིག་ཡིན་ན། གལ་སྲིད་སྡེ་པ་གཞུང་དེ་བློ་འགེལ་ཡིད་ཆེས་བྱ་ས་ཞིག་ཏུ་གྱུར་ཡོད་ན། གལ་སྲིད་སྡེ་པ་གཞུང་གི་འགོ་པ་ཚོ་མགོ་བདེ་དྲན་འཕྲུལ་ཅན་མིན་པ་དང་། རྩ་ཚིག་གི་འབྲུ་དོན་བཞིན་ལག་བསྟར་བྱས་ཏེ། ཆོལ་ཁ་དབྱེ་འབྱེད་དང། ཕྱོགས་ཁག་ཕྱོགས་ཞེན། ལུང་ཚན་འཐེན་འཁྱེར། ལྷག་དོན་དུ་བཀས་བཀོད་རྒྱུན་འཛིན་གྱི་བཤུ་གཞོག་གྲལ་རིམ་འོག་ནས་བྱ་ངན་དེ་དག་བྱས་མེད་ན། གལ་སྲིད་གྲོང་ཁྱེར། གྲོང་གསེབ། ཐ་ན་ལུང་པ་ཁུག་ཀྱོག་ཚུན་ཆད་ལ་ཤེས་ཡོན་གྱི་སློབ་གསོའི་བསྟི་གནས་སློབ་གྲྭ་དང་། ལག་རྩལ་ཁང། བཟོ་ལས་ཁང་། ལས་གྲྭ་འདྲ་མིན་བཙུགས་ཡོད་ན། ད་གཟོད་ཤར་ཕྱོགས་རྒྱ་དམར་གྱི་རྩ་ལག་དེ་བརྐྱང་ཡོད་ཀྱི་རེད། སྟོབས་ཤུགས་དང་དཔུང་འཇུག་དེ་བས་ཀྱང་བྱས་ཡོད་རྒྱུ་མ་རེད། ཤིན་ཏུ་ནས་ཁ་གསབ་བྱ་དཀའ་བའི་གྱོང་གུད་ཚད་མེད་དང་། ཆེས་གསོ་དཀའ་བའི་སེམས་ཀྱི་རྨ་ཁ་བཟོས་ཡོད་ཀྱི་མ་རེད།
རྩ་ཆེའི་ཁོར་ཡུག་ལྡན་པའི་ང་ཚོའི་བོད་དེ་ཤོར་མེད་པ་དང་། མཐོ་སྒང་གི་ཁྱད་འཕགས་རྩ་ཆེའི་སྲོག་ཆགས་རྩ་སྟོངས་སུ་སོང་ཡོད་ཀྱི་མ་རེད་ལ། དེ་ལས་ད་ལྟའི་ཡིད་སྐྱོ་བའི་སྐྱབས་བཅོལ་བ་དེ་བས་ཀྱང་ཆགས་དགོས་དོན་མེད།  ཅིག་བྱས་ན། ད་དུང་གཞན་ཡུལ་དུ་སྐྱབས་བཅོལ་བ་བྱས་ཏེ། ལོ་ལྔ་བཅུ། ཡང་ན་ལོ་བརྒྱ། དེ་ལས་སྡུག་ན་ལོ་སུམ་བརྒྱ་ལས་མང་བར་སྡོད་དགོས་པའི་ཉེན་ཁ་ཡོད་པ་རེད། གང་ཞེ་ན། ད་ལྟ་ལ་ཡང་ཆོལ་ཁ་ཕྱོགས་རིས་ཀྱི་འཐེན་འཁྱེར་དང་། ཚོགས་ཁག་འཁོན་འཛིན། ཕོ་མོ་དབྱེ་ཁྱད་ཀྱི་སྔོན་མའི་བག་ཆགས་ཀྱི་འགོས་ནད། ཤིན་ཏུ་བཅོས་དཀའ་བའི་ནད་དེས་ཟིན་ནས་བསྡད་ཡོད་པའི་སྒང་ལ་ད་དུང་ཡང་འགོས་སྨན་ཟ་བཞིན་པས་སོ། །

འགོས་ནད་དེའི་འབྱུང་རྩ་བསྔོགས་ན། གཅིག་གྲོགས་གཅིག་བྱེད་དང། གཅིག་རྗེས་གཉིས་མཐུད་ཀྱི་ཆིག་སྒྲིལ་གོང་བུ་མེད་པ་དང་། ཁ་འཐོར་དགུ་འཐོར་གྱི་སིལ་བུ་དེ་རེད། དེང་སང་བཙན་བྱོལ་སྤྱི་ཚོགས་སུའང་སྔར་གྱི་མི་དྲག་སྐུ་དྲག་བླ་དྲག་གི་དབང་བསྒྱུར་ཁ་ཚ་པོའི་ལམ་ལུགས་དེ་མཐར་སྐྲོད་བཏང་ཟིན་ཡང་། ང་ཚོ་མུ་མཐུན་དུ་ཁྱིམ་ཚང་ཆེན་པོ་དང་སྐུ་དྲག་མི་དྲག་བླ་དྲག་གི་གནད་དོན་གཅིག་པུར་འགོ་འཁོར་ཏེ་སྡོད་པ་དང་། ཁ་ནས་ཆིག་སྒྲིལ་དང་ལག་སྟོང་པ། གཏན་འབེབས་མང་བའི་སྒང་ལ་ལག་བསྟར་མེད་པའི་ལམ་སྲོལ་དང་འཆར་ཅན་བྱས་ཏེ། ཆིག་སྒྲིལ་དོན་སྟོང་པའི་གཏམ་བརྒྱ་བསྒྲགས་སྟོང་བསྒྲགས་བྱེད་པ་དང་། གྲོས་ཆོད་ཀྱི་ཚིག་ཚོགས་དེབ་མང་པོ་བཀྲམ་ཡང་། དེ་ལས་དངོས་ཡོད་གནས་ཚུལ་ལ་མཁོ་བའི་ཆོལ་ཁ་དབྱེར་མེད། ཕོ་མོ་འདྲ་མཉམ། འཐེན་འཁྱེར་མེད་པའི་གཅིག་སེམས་གཅིག་མཐུན་གྱི་ཆིག་སྒྲིལ་རྣལ་མ་ཞིག་མེད་ན། བདེན་མཐའ་གསལ་བ་ལྟ་ཞོག གལ་ཏེ་དེ་ལས་སྡུག་ན་བོད་ཟེར་བ་དེ་མིང་ཙམ་ཡང་མེད་པར་འགྱུར་སྲིད། ང་ཚོར་དགོས་པ་ནི་བདེན་མཐའ་རེད། དེ་གསལ་བར་ཆིག་སྒྲིལ་དགོས། ཆིག་སྒྲིལ་ནི་མི་རིགས་དང་རིག་གཞུང་འཚོ་བའི་སྲོག་རྩ་རེད་ཟེར་ཆོག ལོ་མང་པོའི་རིང་ལ་ཕམ་ཉེས་གང་བྱུང་བ་ཆིག་སྒྲིལ་མེད་པས་ཡིན། རྩ་བའི་བསྒྲུབ་བྱ་སྒྲུབ་ཆེད་ཚང་མས་ཡིད་ཆེས་བློས་འཁེལ་གྱིས་སྟོབས་དང་ནུས་པ་ཕྱོགས་གཅིག་ཏུ་སྤུངས་པའི་ཐབས་ལམ་ཞིག་ལ་ཆིག་སྒྲིལ་ཟེར། ད་ལྟ་ཕན་ཆན་དཀའ་ངལ་འོག་ཏུ་གནས་པའི་མི་རིགས་ཤིག་གི་ངོས་ནས་བལྟས་ན། ཕུགས་བསམ་དང་དམིགས་ཡུལ་འགྲུབ་ཆེད་ཆིག་སྒྲིལ་མེད་ན་འགྲོ་འཆག་ཉལ་འདུག་བྱེད་ཀྱང་ཤི་བ་དང་ཁྱད་མེད། ད་ལྟའི་བོད་ཀྱི་གནས་བབ་ལ་བལྟས་ནའང་འགག་རྩ་ཅན། དཔེར་ན་མི་མང་གི་ཕྲག་ཏུ་བབས་པའི་འོས་འགན་སོ་སོའི་འགོ་ཁྲིད་ཡང་དག་པ་ཞིག་བདམ་པའི་ལས་དོན་འོས་བསྡུ་ཆེན་མོའི་ལྟ་བུའི་སྐབས་སུ་དེ་བས་ཀྱང་མི་མང་གིས་སེམས་གསོ་ཐེབས་པའི་རླབས་ཆེན་གྱི་རྡོག་རྩ་གཅིག་སྒྲིལ་ཅི་ནས་ཀྱང་བྱ་དགོས་པ་ཡིན།

གལ་སྲིད་དེ་འདྲ་མ་བྱས་པར་སོ་སོའི་ཕྱོགས་ཁག་དང་གཉེན་ཉེ་སོགས་རྐུབ་སྟེགས་སུ་སླེབས་ཐབས་ཀྱི་གཡོ་བྱུས་ཁོ་ན་ལས། ཁ་ཞེ་གཉིས་མེད་ཀྱི་ཆིག་སྒྲིལ་ལག་བསྟར་མ་བྱས་ན། བཙན་བྱོལ་དུ་གནས་པའི་མི་མང་ཡོད་ཚད་ཡར་ལངས་ཏེ་བྲེལ་ཟིང་ངང་འོས་བླུག་པར་བྱ་ནའང་། དེ་ནི་འོས་བསྡུའི་ནང་ཞུགས་ཏེ། འོས་བླུག་པ་ཙམ་ལས་གོ་ཆོད་མེད། མདོར་བསྡུས་ཏེ་བཤད་ན། སྐྱབས་བཅོལ་བོད་མི་རྣམས་ཀྱིས་གོ་ཆོད་མེད་ལ། གཞིས་ལུས་བོད་མི་རྣམས་ཀྱི་རེ་བ་དེ་བས་འགྲུབ་ཀྱི་མེད་པ་དེ་ཤེས་དགོས།།

{jcomments on}

Share this:
༦༩ ཀློག་གྲངས།