ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་འགལ་ཟླ་ཚབས་ཆེ་རུ་འགྲོ་བཞིན་པ།

china-sea-power123ཟླ་འདིའི་ཚེས་༡༧ ཉིན་ཉི་ཧོང་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་གྲོས་ཚོགས་ཁང་གིས་གཏན་འབེེབས་བྱས་པའི་ཉི་ཧོང་གི་བདེ་འཇགས་བརྟན་སྲུང་གཏོང་ཐབས་ཀྱི་འཆར་འགོད་ཡིག་ཆའི་ནང། སྔོན་དུས་གྲང་དམག་གི་སྐབས་ཨུ་རུ་སུས་ཉི་ཧོང་ལ་འཇིགས་སྐུལ་བྱེད་མྱོང་བ་ལས་ལྷག་པ། དེང་སྐབས་རྒྱ་ནག་གིས་ཉི་ཧོང་བྱང་ཁུལ་གྱི་མཚོ་གླིང་ཕྱོགས་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པས། ཉི་ཧོང་དང་ཨ་རི་གཉིས་ཀྱི་མཉམ་ལས་བྱེད་རྒྱུ་དེ། ཉི་ཧོང་གི་བདེ་སྲུང་ལས་དོན་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་དང།  ཉི་ཧོང་གཞུང་གིས་ཨ་རི་དང་འབྲེལ་ལམ་ཤུགས་ཆེ་རུ་བཏང་ནས། ཨ་རིའི་དམག་མི་༤༧༠༠༠ ཉི་ཧོང་དུ་གཏན་འཇགས་སྡོད་རྒྱུ་ཡིན་པ་དང། དེ་བཞིན་ལྷོ་ཀོ་རི་ཡ་དང་ཨོ་སི་ཁྲུ་ལི་ཡ་གཉིས་དང་དམག་སྦྱོང་ཟུང་འབྲེལ་གྱིས། དམག་གི་མཚོ་གྲུ་དང་མེ་སྒྱོགས་གནམ་གྲུ་སོགས་ཉི་ཧོང་གི་བྱང་དང་ལྷོ་ནུབ་གླིང་ཕྲན་སོགས་ལ་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཉི་ཧོང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བདེ་སྲུང་གཏོང་ཐབས་ཀྱི་ཡིག་ཆ་ཁྱབ་བསྒྲགས་མ་བྱས་པའི་སྔོན་དུ། འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཞིག་གིས། ཉི་ཧོང་གཞུང་གིས་འཆར་འགོད་འདི་ལྟར་བྱེད་དོན་ནི། དེང་སྐབས་རྒྱ་ནག་དང་བྱང་ཀོ་རི་ཡའི་ཕྱོགས་ནས་ཉི་ཧོང་ལ་འཇིགས་སྐུལ་མང་པོ་བྱེད་ཀྱི་ཡོད་པ་དང། ང་ཚོས་དམག་གི་གོ་མཚོན་སོགས་ཀྱི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དེ་རང་ཉིད་ཀྱི་བདེ་སྲུང་ཁོ་ནའི་ཆེད་དུ་ཡིན་ཞིང། གྲང་དམག་གི་སྐབས་ནས་ང་ཚོའི་བདེ་སྲུང་དེང་རབས་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་བཟུང་ཡོད་ཅེས་བརྗོད་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གི་ཞི་བདེ་བརྟན་སྲུང་དང་ཨེ་ཤ་ཡ་ཡར་རྒྱས་འགྲོ་ཆེད་དུ་དམག་དཔུང་འཇོག་པ་ལས། རྒྱལ་ཁབ་གང་འདྲ་ཞིག་ལའང་འཇིགས་སྐུལ་བྱེད་ཀྱི་མེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

གསར་འགྱུར་དབྱེ་ཞིབ་པ་ཚོས། ཉི་ཧོང་དང་རྒྱ་ནག ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ། ཐེ་ཝན་བཅས་མཚོ་གླིང་འདྲེས་མ་ཆགས་ཀྱི་ཡོད་པ་དང། བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་དམར་ཕྱོགས་རྒྱལ་ཁབ་ཟུང་འབྲེལ་གྱིས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ཆེ་བའི་ལྷོ་ཀོ་རི་ཡ་དང། ཉི་ཧོང་། ཐེ་ཝན་བཅས་ལ་དུས་ནས་དུས་སུ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང། ཉེ་དུས་ལྷོ་བྱང་ཀོ་རི་ཡ་གཉིས་དབར་མཚོ་གླིང་གི་རྙོག་འཛིང་ཅུང་ཟད་བྱུང་ཡོད་པས། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡ་ལ་ཉེན་བརྡ་བཏང་པ་དང།  ཉི་ཧོང་དང་ཐེ་ཝན་བཅས་ལ་རྒྱ་ནག་གི་ཕྱོགས་སུ་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༢༣ ཀློག་གྲངས།