རྒྱ་གར་ལ་རྒྱལ་ཚོགས་ཀྱི་ཞབས་སྟེགས་འོས་ཤིང་འཚམས་པ་རེད།

ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཌི་མཱ་ཊིར་རྒྱ་གར་དུ་ཉིན་༢ རིང་གི་ཚོང་དོན་སྐོར་བསྐྱོད་ལ་ཕེབས་ཡོད་པ་དང། ད་ཐེངས་ཁོང་ཕེབས་དོན་གཙོ་བོ་ནི་རྒྱལ་ཁབ་ཕྱོགས་གཉིས་ཀྱི་རྡུལ་ཕྲན་ཚོང་འབྲེལ་གྱི་ཆེད་དུ་ཡིན་ཞིང། དེ་ཡང་ཟླ་བ་གཅིག་ལྷག་ཙམ་གྱི་ནང། ཨ་རིའི་སྲིད་འཛིན་དང་ཧྤ་རན་སིའི་སྲིད་འཛིན། རྒྱ་ནག་གི་སྲིད་བློན་སོགས་རྒྱ་གར་དང་ལྷན་དུ་ཚོང་འབྲེལ་གྱི་གན་རྒྱ་ཕོན་ཆེན་བཞག་མ་ཐག་ཡིན་པ་རེད། ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཚོགས་ཀྱི་སྒྲིག་གཞི་སྒྱུར་བཅོས་བཏང་ནས། རྒྱ་གར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་སུ་གཏན་འཇགས་ཞབས་སྟེགས་ཐོབ་ཐབས་གནང་རྒྱུ་ཡིན་ཞེས་གྲོས་འགོ་བཏོན་པ་ནས། ཧྤ་རན་སིའི་སྲིད་འཛིན་གྱིས་དེ་བཞིན་རྒྱབ་སྐྱོར་བྱས་ཡོད་པ་དང། ད་ཐེངས་ཨུ་རུ་སུའི་སྲིད་འཛིན་གྱིས་ཀྱང་གཏན་འཇགས་ཞབས་སྟེགས་རྒྱ་གར་གཞུང་ལ་འོས་ཤིང་འཚམས་ཡིན་ཚུལ་ནན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་སྲིད་བློན་གྱིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་ཚོང་དོན་གཙོ་བོ་བཟུང་ནས་གཏམ་བཤད་བྱས་པ་ལས། རྒྱ་གར་ལ་རྒྱ་ནག་ལྟར་རྒྱལ་ཚོགས་སུ་གཏན་འཇགས་ཞབས་སྟེགས་དགོས་པའི་སྐོར་གང་ཡང་བརྗོད་མེད་པ་རེད།

ཨུ་རུ་སུའི་སྲིད་འཛིན་ཌི་མཱ་ཊིར་དང་རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་གཉིས་ཀྱི་གྲོས་མོལ་གྲུབ་ནས། རྒྱ་གར་གྱི་ལྡི་ལི་གསར་པའི་ནང་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་པའི་སྐབས་ཨུ་རུ་སུའི་སྲིད་འཛིན་གྱིས། “རྒྱ་གར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་སུ་གཏན་འཇགས་ཞབས་སྟེགས་ཐོབ་རྒྱུ་ནི་འོས་ཤིང་འཚམས་པ་ཡིན་པས། ཨུ་རུ་སུ་གཞུང་གིས་ཕྱོགས་ནས་རྒྱབ་སྐྱོར་བྱེད་རྒྱུ་དང་། ད་ལྟའི་སྐབས་རྒྱལ་ཁབ་གཉིས་ཀར་འཇིགས་སྐུལ་རིང་ལུགས་པའི་རྒོལ་རྡུང་གི་དཀའ་ངལ་འཕྲད་བཞིན་ཡོད་ཅིང། མི་རིགས་སྣ་མང་འཛོམས་པའི་མང་གཙོའི་རྒྱལ་ཁབ་ཨུ་རུ་སུ་དང་རྒྱ་གར་ལྟ་བུར་མཚོན་ན། འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུ་དམིགས་བསལ་གྱི་དཀའ་ངལ་ཡོད། ཡིན་ནའང་དེང་རབས་ཅན་གྱི་སྤྱི་ཚོགས་འདིའི་ཁྲོད་དུ། འཇིགས་སྐུལ་རིང་ལུགས་པ་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་སྦས་སྐུང་བྱེད་ཐབས་བྲལ་བ་ཞིག་ཡིན་པས། ང་ཚོ་ཕྱོགས་གཅིག་ལ་ལངས་ནས་ཁ་གཏད་གཅོག་དགོས་”ཞེས་སོགས་གསུངས་ཡོད་པ་རེད།

ཨུ་རུ་སུའི་སྲིད་འཛིན་རྒྱ་གར་དུ་ཕེབས་པ་དང་བསྟུན་ནས། དམག་གི་གནམ་གྲུ་དང་གོ་མཚོན་འདྲ་མིན་གྱི་ཚོང་འབྲེལ་ཆེད་དུ། ཨ་སྒོར་དུང་འཕྱུར་༣༠ གན་རྒྱ་ལ་མིང་རྟགས་བཀོད་ཡོད་པ་རེད། རྒྱ་གར་དེང་སྐབས་འཛམ་གླིང་ནང་བདེ་སྲུང་དམག་དཔུང་གི་གོ་མཚོན་ཉོ་མཁན་དང་གན་རྒྱ་འཇོག་མཁན་ཆེ་ཤོས་ཆགས་ཡོད་པ་དང། དཔལ་འབྱོར་ཡར་རྒྱས་ཀྱི་མྱུར་ཚད་མགྱོགས་ཤོས་ཀྱི་གྲས་སུ་ཚུད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}

Share this:
༡༢༩ ཀློག་གྲངས།