སྒ་ནང་ཆེན་རྟ་ནག་དགོན་པའི་གླིང་གེ་སར་རྒྱལ་པོའི་གདུང་རྟེན་རྐུ་ཁྱེར་ཤོར་བ།

ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༢༣ ཉིན་པར་པ་ཆཱིང་ལིང་དང་ཁོང་གི་པར་རོགས་གསུམ་མཉམ་དུ་རྟ་ནག་དགོན་པར་བསྐྱོད་སྐབས། དགོན་པ་དེའི་ནང་ཡོད་པའི་གླིང་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་ཅུ་ཐམ་པའི་གདུང་རྟེན་གཙོ་བོ་རྣམས་རྐུ་ཁྱེར་བྱས་ཏེ་དམིགས་མེད་བཟོས་སྐོར་མི་རྣམས་ཧང་བསངས་དགོས་པའི་རྐུ་ཁྱེར་གྱི་གྱོད་གཞི་ལྷག་པ་ཤེས་རྟོགས་བྱུང་ཡོད་པ་རེད།
རྟ་ནག་དགོན་པ་ནི་སྒ་སྐྱེ་དགུ་མདོ་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད་པ་དང༌། བོད་ཁུལ་དུ་སྙན་པར་གྲགས་པའི་གནའ་བོའི་གླིང་རྗེ་གེ་སར་རྒྱལ་པོའི་དགོན་པ་གཅིག་རང་ཡོད་པ་དེ་ཡིན་ཞིང༌། མིག་སྔར་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་ཁོངས་ཡེར་པ་བཀའ་བརྒྱུད་ཀྱི་དགོན་པ་གཅིག་པུ་དེ་ཡང་ཡིན། རྒྱ་ནག་གཞུང་གིས་བཤད་པའི་ཞིང་ཆེན་རིམ་པའི་སྲུང་སྐྱོབ་ཚན་པ་ཞིག་ཀྱང་རེད། དགོན་པ་དེར་ད་བར་མི་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་བོད་བརྒྱུད་ནང་བསྟན་ཕག་གྲུ་བཀའ་བརྒྱུད་པའི་སྲོལ་གཏོད་པ་ཕག་མོ་གྲུབ་པའི་ཐུགས་སྲས་སངས་རྒྱས་ཡེར་པ་དང་ཡི་ཤེས་ཚེ་དཔག་གིས་གསར་བཞེངས་གནང་བ་ཞིག་རེད།
རྟ་ནག་དགོན་པའི་འདུ་ཁང་ནང་མཐོ་ཚད་ཕི་ཌེ་༩ ཙམ་ཡོད་པའི་གླིང་རྗེ་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་རྟུལ་རྣམས་ཀྱི་འདྲ་སྐུ་བཞེངས་ཡོད་པ་དང༌། ཁོང་ཚོས་བེད་སྤྱོད་བྱེད་མྱོང་བའི་དཔའ་དམ་དང་ཕྲ་མོག་གྱོན་གོས་སོགས་ཡོད་ཅིང༌། དེ་མིན་གྱི་ཧ་ཅང་རིན་ཐང་ཆེ་བའི་དཔེ་ཆ་རྙིང་པ་པོད་སྟོང་ཕྲག་མང་པོ་དང་རྩ་ཆེའི་རིག་དངོས་རྙིང་པ་ཡང་ཡོད། ལྷག་པར་དུ་རྟ་ནག་དགོན་པ་ནས་ས་ཐག་རིང་པོ་མེད་པའི་རྟ་ནག་བྲག་ཕུག་ནང་“གླིང་གེ་སར་རྒྱལ་པོའི་རྣམ་ཐར་ནང་”གསལ་བ་ལྟར་ཁོང་གི་དཔའ་རྟུལ་སུམ་བཅུ་ཐམ་པའི་གདུང་རྟེན་བཞེངས་ཡོད། གདུང་རྟེན་གྱི་བཟོ་དབྱིབས་ཀ་གདམ་མཆོད་རྟེན་འདྲ་བོ་ཡོད། གདུང་རྟེན་གྱི་བཟོ་དབྱིབས་ཀྱི་བཀོད་པ་བརྗིད་ཉམས་ལྡན་ཞིང༌། གདུང་རྟེན་ནང་སྔར་སྲོལ་ཚ་ཚ་རིགས་མི་འདྲ་བ་སུམ་ཅུ་ཡོད་པ་རྣམས་བཟོ་སྤུས་དག་ལ་ངོ་མཚར་ཆེ་བ་ཞིག་འདུག དེ་ལྟ་བུའི་བདག་གཅེས་ཉར་ཚགས་ལེགས་པོ་བྱས་པའི་གནའ་བོའི་གདུང་རྟེན་རྣམས་བོད་ཁུལ་གཅིག་པུར་གནས་ཡོད་པ་ཙམ་ལས་རྒྱ་ནག་རྒྱལ་ཡོངས་ནང་ཧ་ཅང་མཐོང་དཀོན་པ་ཞིག་རེད། གདུང་རྟེན་དེ་རྣམས་བོད་ཁུལ་གྱི་གདུང་རྟེན་ཡོད་པའི་ནང་ནས་གདུང་རྟེན་མང་པོ་གཅིག་ཏུ་གནས་པའི་རྣམ་པ་ལྡན་ཡོད་སྟབས། བཟོ་རྩལ་གྱི་རྣམ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་རབས་༼རྒྱ་ཡིག་ནང་ཐང་རྒྱལ་རབས་ཀྱི་དུས་རབས་ཕྱི་མ་ཞེས་བྲིས་འདུག༽ཀྱི་བཟོ་རྩལ་གྱི་རྣམ་པ་ལྡན་པ་དེས་རྒྱ་གར་ནང་པའི་མཆོད་རྟེན་གྱི་བཟོ་དབྱིབས་ཀྱི་གཞི་རྩའི་ལག་རྩལ་རྒྱུད་འཛིན་བྱས་པ་ཞིག་རེད་འདུག
རིག་གནས་གསར་བརྗེའི་སྐབས་རྟ་ནག་དགོན་པའི་གནའ་བོའི་བཟོ་རྩལ་དང་རིག་གནས་རྗེས་ཤུལ་དངོས་རྫས་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་ཀྱང༌། གླིང་རྗེ་གེ་སར་རྒྱལ་པོ་དང་ཁོང་གི་དཔལ་རྟུལ་སུམ་ཅུ་ཐམ་པའི་གདུང་རྟེན་རྣམས་བདག་གཉེར་གང་ལེགས་བྱུང་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༢༠༡༠ ལོའི་ནང་གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་དང་དཔའ་རྟུལ་སུམ་ཅུའི་གདུང་རྟེན་རྣམས་ལ་གོད་ཆག་ཐེངས་གཉིས་བྱུང་ཡོད་པ་སྟེ། ཕྱི་ལོ་༢༠༡༠ ཕྱི་ཟླ་༤ ཚེས་༤ ཉིན་གྱི་ཆུ་རུས་དང་ས་ཡོམ་གྱི་གཏོར་བཤིག་ནང་ཐོར་བཤིག་ཕྱིན་མེད་ཀྱང༌། དེའི་རིང་མིས་རྐུ་ཁྱེར་ཐེངས་གཅིག་བྱས་པ་དང༌། ཡང་ཕྱི་ཟླ་༡༠ ཚེས་༨ ཉིན་གྱི་མཚན་མོར་ཡང་བསྐྱར་མིས་རྐུ་ཁྱེར་བྱས་ཏེ་གདུང་རྟེན་རྣམས་དམིགས་མེད་དུ་ཕྱིན་པའི་ལས་དབང་ལས་གཡོལ་ཐུབ་མེད་པ་རེད།
མི་རྣམས་ཧ་ལས་དགོས་པའི་རིག་དངོས་རྐུ་ཁྱེར་བྱས་པ་དེ་དག་གིས་གླིང་རྗེ་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་བཅུ་ཐམ་པའི་གདུང་རྟེན་རྐུ་ཁྱེར་བྱས་པ་དང༌། ཁྱེར་མ་ཐུབ་པ་རྣམས་བཤིག་གཏོར་བཏང་བ། གདུང་རྟེན་གྱི་ཁོག་པ་སྟོང་པ་བཟོས་ཏེ་རྟེན་རྫས་རྣམས་རྐུ་ཁྱེར་བྱས་པ། གདུང་རྟེན་ནང་གི་ཚ་ཚ་རིགས་འདྲ་མིན་རྣམས་ཕྱིར་གང་བྱུང་གཡུག་གཏོར་བྱས་པ་སོགས་འཇིག་རྟེན་གྱི་མི་རྣམས་ཧང་སངས་དགོས་པའི་གནའ་ཤུལ་རིག་དངོས་རྐུ་ཁྱེར་གཏོར་བཤིག་བྱས་པའི་གྱོད་གཞི་བྱུང་བ་དེར་མནོ་བསམ་དང་ཚོར་བ་ཤུགས་ཆེ་སྐྱེ་འོས་པ་ཞིག་རེད། གང་ཡིན་ཞེ་ན། གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་རྣམས་སྲུང་སྐྱོབ་བྱ་རྒྱུ་དགོན་པ་གཅིག་པུའི་ལས་འགན་མ་ཡིན་པར་བོད་མི་ཡོངས་དང་རྒྱ་ནག་མི་མང་ཚང་མའི་འགན་འཁྲི་རེད།   
དེར་བརྟེན་པར་པ་ཆིང་ལིང་གིས་རྟ་ནག་དགོན་པའི་སེར་སྐྱ་མང་ཚོགས་ཀྱི་རེ་སྐུལ་ཞུ་དོན་ལྟར་ཁོང་གིས་དགོན་པའི་ཚབ་ཞུས་ཏེ་བོད་ཀྱི་གནའ་བོའི་རིག་གནས་རྗེས་ཤུལ་དངོས་རྫས་ལ་སྲུང་སྐྱོབ་ཡོང་རྒྱུར་བསམ་ཡོད་མི་སྣ་ཚང་མས་ཐུགས་སྣང་དང་རྒྱབ་སྐྱོར་གནང་སྟེ། རྟ་ནག་དགོན་པའི་གླིང་རྗེ་གེ་སར་རྒྱལ་པོའི་གདུང་རྟེན་དང་ཁོང་གི་དཔའ་རྟུལ་སུམ་བཅུའི་གདུང་རྟེན་ལྷག་འཕྲོ་རྣམས་བསྐྱར་དུ་རྐུ་ཁྱེར་མི་འོང་བ་དང༌། རྐུ་ཁྱེར་བྱས་ཟིན་པ་རྣམས་གར་སོང་མཐོང་ཐོས་བྱུང་ན་འཕྲལ་དུ་འབྲེལ་ཡོད་དགོན་པ་དང་ཡང་ན་འབྲེལ་ཡོད་ཉེན་རྟོགས་ལས་ཁུངས་སུ་ཉན་སེང་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་པར་པ་ཆིང་ལིན་གྱི་དྲ་རྒྱའི་ནང་འཁོད་འདུག།

Share this:
༣༤ ཀློག་གྲངས།