ཨ་རིའི་ཕྱོགས་འགལ་ཚོགས་པས་གྲོས་ཚོགས་སྟངས་འཛིན་བྱེད་པ།

ཟླ་འདིའི་ཚེས་༦ ཉིན་ཨ་རིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༠༦ ལོར་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་བྷུ་ཤི་ཡིན་པའི་སྐབས། དམག་འཁྲུག་སོགས་ཀྱིས་རྐྱེན་བྱས་ཏེ་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་པ་དང། དེ་རྗེས་མང་གཙོ་ཚོགས་པའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་ལ་རྒྱལ་ཁབ་ཐོབ་སྐབས། འཛམ་གླིང་གི་མ་རྐང་ཁྲོམ་ར་ཉམས་ཆག་ཕྱིན་མ་ཐག་ཡིན་པ་དང། དེ་བཞིན་ཁ་ཆེའི་རྒྱལ་ཁབ་མང་པོ་དང་ཨ་རི་གཉིས་དབར་འགལ་ཟླ་མང་དུ་འགྲོ་བཞིན་པའི་སྐབས་དང་འཁེལ་ནས། མི་མང་གིས་དཔལ་འབྱོར་ཉམས་གསོ་སོགས་ལ་རེ་བ་ཆེན་པོ་བྱས་པ་བཞིན་དུ། སྲིད་འཛིན་ཨོ་བྷ་མས་འཕྲོད་བསྟེན་ལས་གཞི་དང་དཔྱ་ཁྲལ་སྒྱུར་བཅོས་སོགས་ཀྱིས་མཚོན་བསྐྱར་བཅོས་མང་པོ་བྱས་ཡོད་རུང། ཚོང་ལས་སོགས་ཡར་རྒྱས་སོང་ནས་ལས་མེད་ཀྱི་དཀའ་ངལ་སོགས་དེ་ཙམ་སེལ་ཐུབ་མེད་པས། ད་ཐེངས་ཨ་རིའི་སྤྱི་མཐུན་ཚོགས་པར་རྒྱལ་ཁ་འདི་ཐོབ་པ་ཡིན་འདུག

གྲོས་ཚོགས་ཀྱི་ཚོགས་གཙོ་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཇོན་བྷོ་ནར་མཆོག་གི་ཚོགས་གཙོའི་གཏམ་བཤད་དང་པོའི་ནང། མི་མང་གིས་འོས་འཕེན་གྱི་རྒྱབ་སྐྱོར་འདི་ལྟར་གནང་དོན་ནི། རྒྱུན་ལྡན་ལྟར་འགྲོ་བཞིན་པའི་ཚོང་དོན་ལས་གཞི་འདི་མཇུག་བསྡུ་བའི་ཆེད་དུ་ཡིན་པ་དང།  དེ་རིང་ནས་ང་ཚོའི་ངོས་ནས་མི་མང་གི་སློབ་གསོ་བཞིན་དུ་ལས་དོན་བསྒྲུབ་རྒྱུར་འགོ་འཛུགས་བྱེད་དགོས་ཞེས་བརྗོད་དེ། འཛིན་སྐྱོང་གི་ངོས་ནས་ཚོང་དོན་ལས་གཞི་ཡར་རྒྱས་དང་བསྐྱར་གསོ་ཐུབ་མེད་པའི་བརྡ་ལན་བཏང་ཡོད་རུང། འཛིན་སྐྱོང་གིས་ཕྱོགས་འགལ་ཚོགས་པ་དང་ལྷན་དུ་གྲོས་མོལ་གྱི་ཐོག་ནས། གཞུང་གི་འཆར་འགོད་དང་ལས་གཞི་མང་པོ་ཞིག་རྒྱུན་གནས་ཐུབ་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་འཐུས་མི་སྐུ་ཞབས་ཧཱར་རི་རཱ་ཌི་མཆོག་གིས། འབྱུང་འགྱུར་སྤྱི་མཐུན་ཚོགས་པའི་ངོས་ནས་འཛིན་སྐྱོང་གི་འཆར་འགོད་མང་པོ་ཞིག་ལ་ཁ་གཏད་གཅོག་ངེས་ཡིན་ཞིང། གང་ལྟར་ཡང་འཚོ་བའི་གནས་བབ་སྐྱོ་པོ་ཚོར་ལས་ཀ་མཁོ་སྤྲོད་བྱེད་རྒྱུ་དང།  ཕྲུ་གུའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ། ཡུལ་མི་གནས་སྤོའི་སྒྲོམ་གཞི་སྲ་བརྟན་གཏོང་རྒྱུ་སོགས་གཞི་རྩའི་ཆ་ནས་གལ་ཆེན་པོ་ཆགས་ཡོད་ཅེས། འཛིན་སྐྱོང་དང་ཕྱོགས་འགལ་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ལག་བསྟར་བྱེད་དགོས་པའི་སྐོར་གསུངས་ཡོད་པ་རེད།

གསར་འགྱུར་དབྱེར་ཞིབ་པ་ཚོས། གཟའ་འཁོར་རྗེས་མར་ཕྱོགས་འགལ་ཚོགས་པ་དང་འཛིན་སྐྱོང་གཉིས་ཀའི་ངོས་ནས་ནང་གྲོས་བྱེད་འཆར་ཡོད་རུང། འཛིན་སྐྱོང་གི་ངོས་ནས་ཕྱི་འབྲེལ་སྐུ་ཚབ་དང་ཕྱི་སྲིད་ལས་དོན་གྱི་ཐེབས་རྩ། ཡུལ་མི་གནས་སྤོ་སོགས་ལ་ཨ་སྒོ་དུང་ཕྱུར་མང་པོ་གཏོང་བཞིན་པ་རྣམས་ལ། ཕྱོགས་འགལ་ཚོགས་པས་རྒྱབ་སྐྱོར་བྱེད་འཆར་མེད་ནའང། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པའི་འཐུས་མི་མང་བས། འབྱུར་འགྱུར་མང་གཙོ་ཚོགས་པའི་འཛིན་སྐྱོང་གི་དུས་ཡུན་ལོ་གྲངས་༢ གཉིས་ཀྱི་ནང་། མུ་མཐུད་ནས་སྲིད་འཛིན་ཨོ་བྷ་མའི་འཆར་འགོད་ལྟར་གནས་སྲིད་པ་རེད་ཅེས་བརྗོད་ཡོད་པ་དང། གང་ལྟར་ཡང་འཛིན་སྐྱོང་གི་ངོས་ནས་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང། འཛིན་སྐྱོང་གཉིས་ཀའི་ངོས་ནས་ལས་འཆར་མང་པོ་ཞིག་ལ་ནང་གྲོས་མགྱོགས་པོ་བྱེད་འཆར་ཡོད་པ་རེད།།

{jcomments on}

Share this:
༡༥ ཀློག་གྲངས།